ཐིམ་ཕུ་བརྒྱ་འཁོར་ཚོང་ཁྲོམ་གྱི་ སྣུམ་འཁོར་བཞག་ས་ལུ་ ཚོང་ཆས་ཚུ་ བཙོང་མ་ཆོག་པའི་ སྒྲིག་གཞི་ལག་ལེན།

འདས་པའི་ལོ་ངོ་བཅུ་ཕྲག་ ༢ དེ་ཅིག་གི་རིང་ལུ་ བཤལ་ཚོང་རྐྱབ་མི་ཚུ་གིས་ ཐིམ་ཕུ་བརྒྱ་འཁོར་ཚོང་ཁྲོམ་གྱི་ གདོང་ཕྱོགས་དང་ བཀའ་རྒྱ་ཁྲོམ་གྱི་ གདོང་ཁར་ཡོད་མི་ སྣུམ་འཁོར་བཞག་སར་ རང་སོའི་སྣུམ་འཁོར་ཚུ་གི་ནང་ལས་ ཚོང་ཆས་ཚུ་བཙོང་སྟེ་ སྡོད་ཡོདཔ་ཨིན་པས།
ཨིན་རུང་ དེ་ཚེ་ སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ལུ་ ཐིམ་ཕུ་ཁྲོམ་སྡེ་གིས་ སྒྲིག་གཞི་ཚུ་ ལག་ལེན་འཐབ་ཐོག་ལས་ དེ་བཟུམ་མའི་ ཚོང་རྐྱབ་མི་ཚུ་ ས་གོ་དེ་ཚུའི་ནང་ལས་ བདའ་བཏང་ཡོདཔ་མ་ཚད་ ཚོང་ཆས་ཚུ་ཡང་ འཕྱོག་ཞིནམ་ལས་ ཁྲོམ་སྡེའི་སྣུམ་འཁོར་ཊག་ཚུ་ནང་ བཙུགས་བཏང་ནུག།
མ་གཞི་ ཁྲོམ་སྡེ་གིས་ ཉིན་གྲངས་ ༥ གི་ཧེ་མ་ལས་ བཤལ་ཚོང་རྐྱབ་མི་ཚུ་ལུ་ རྐང་ལམ་དང་ སྣུམ་འཁོར་ཚུ་གི་ནང་ལས་ ཚོང་ཆས་ཚུ་ བཙོང་མ་ཆོགཔ་སྦེ་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ གལ་སྲིད་ གསལ་བསྒྲགས་དེ་ལུ་ མ་གནས་པ་ཅིན་ ཁྲོམ་སྡེའི་སྒྲིག་གཞི་ཚུ་དང་བསྟུན་ཏེ་ བསྟར་སྤྱོད་འབད་ནི་ཨིན་པའི་སྐོར་ལས་ཡང་ གསལ་བསྒྲགས་དེ་ནང་ བཀོད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཀའ་རྒྱ་ཁྲོམ་གྱི་ ཉེན་སྲུང་སྡེ་ཚན་གྱི་ ཁ་ཐུག་ལས་ཡང་ དེ་ཚེ་དྲོ་པར་ བཤལ་ཚོང་རྐྱབ་མི་ཚུ་ལུ་ ཉེན་བརྡ་འབད་བའི་ཁར་ གཡུས་ཁ་ལས་ ཚོང་བཙོང་པར་འོང་མི་ གནས་སྐབས་ཀྱི་ ཚོང་པ་ཚུ་གི་དོན་ལས་ བཀའ་རྒྱ་ཁྲོམ་ནང་ ས་གོ་སྟོངམ་ཡོད་ལུགས་དང་ ས་གོ་སྟོངམ་ཚུ་གི་ ཨང་གྲངས་ཚུ་ཡང་ བཀའ་རྒྱ་ཁྲོམ་གྱི་སྒོ་ར་ཁར་ བརྡ་བྱང་གུ་ བྲིས་ཏེ་ཡོད་པའི་སྐོར་ལས་ཡང་ གསལ་བཤད་འབད་ནུག།
བརྒྱ་འཁོར་ཚོང་ཁྲོམ་ནང་ལས་ ཚོང་བཙོང་མི་ཚུ་གིས་ཡང་ བཤལ་ཚོང་རྐྱབ་མི་ཚུ་གིས་ བརྒྱ་འཁོར་ཚོང་ཁྲོམ་གྱི་ཕྱི་ཁར་ ཚོང་བཙོང་པ་ལུ་བརྟེན་ཏེ་ ཚོང་མགྲོན་པ་ཚུ་ ཚོང་ཁྲོམ་ནང་ན་ ཚོང་ཉོ་བ་བར་ མ་འོང་ནི་དེ་གིས་ ཁོང་ལུ་ ཐོ་ཕོགཔ་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

Please follow and like us: