
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྡོད་ཁྱིམ་དང་ བཟའ་ཁང་གསརཔ་ བཟོ་བསྐྲུན་གྱི་ སྐྱིན་འགྲུལ་ཚུ་ གནས་སྐབས་ཅིག་གི་དོན་ལས་ མཚམས་འཇོག་འབད་མིའི་ དུས་ཡུན་དེ་ ཟླ་ངོ་ ༦ གི་རིང་ལུ་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ཚུན་ ཕར་འགྱངས་འབད་ནི་སྦེ་ གྲོས་ཐག་བཅད་ནུག།
དེ་ཡང་ གནས་སྐབས་ཅིག་ སྡོད་ཁྱིམ་དང་ བཟའ་ཁང་ཚུ་གི་དོན་ལས་ སྐྱིན་འགྲུལ་ཚུ་བཏངམ་ད་ དངུལ་འབྲེལ་ལས་ཁང་ཚུ་ལུ་ དངུལ་འབྲེལ་ཉེན་ཁ་དེ་ མཐོ་སུ་ཡོད་མི་དང་ སྐྱིན་ཚབ་བཏབ་ནི་ འགོ་མ་བཙུགས་པའི་ དུས་ཡུན་ནང་ཡོད་མི་ སྐྱིན་འགྲུལ་ཚུ་ཡང་ མ་འོངས་པ་ལུ་ དངུལ་འབྲེལ་གྱི་ ཉེན་ཁ་འབྱུང་སྲིད་ནི་ཨིན་མི་ཚུ་ བསམ་ཞིབ་ཐོག་ལས་ གྲོས་ཐག་བཅད་ཡོདཔ་ཨིན་པས།
དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གསར་བཏོན་འབད་མི་ གནས་ཚུལ་དང་འཁྲིལཝ་ད་ དངུལ་འབྲེལ་ལས་ཁང་ག་ར་གིས་ ཚོང་འབྲེལ་སྒྲིང་ཁྱིམ་དང་ བཟོ་བསྐྲུན་འབད་དོ་ཡོད་མི་ བཟའ་ཁང་ཚུ་གིས་གཙོས་པའི་ སྡོད་ཁྱིམ་དང་ བཟའ་ཁང་བཟོ་བསྐྲུན་ལུ་ སྐྱིན་འགྲུལ་བཏང་ནི་མེད་རུང་ ཉམས་གསོ་ཚུ་གི་དོན་ལས་ སྐྱིན་འགྲུལ་གཏང་ཆོགཔ་སྦེ་ཨིན་པས།
དངུལ་འབྲེལ་ལས་ཁང་གི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ དངུལ་འབྲེལ་ལས་ཁང་ཅིག་གིས་ སྐྱིན་འགྲུལ་མཚམས་འཇོག་དང་འབྲེལ་བའི་ ཚོང་འབྲེལ་སྐྱིན་འགྲུལ་ཚུ་གི་ཐེད་ཁར་ དངུལ་ཁང་ལྟེ་བའི་ བཀོད་རྒྱ་དང་ ལམ་སྟོན་ཚུ་དང་འཁྲིལ་ཏེ་ ལག་ལེན་འཐབ་དགོཔ་ གལ་ཆེ་ཟེར་ཨིནམ་ད་ དེ་ཡང་ ཁོང་གི་འགན་ཁུར་དེ་ དབང་འཛིན་ལས་གནང་མི་ ལམ་སྟོན་ཚུ་ལུ་ ཆ་གནས་འབད་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ འགོ་དཔོན་གཞན་མི་ཅིག་གིས་ཡང་ སྐྱིན་འགྲུལ་མཚམས་འཇོག་དེ་ རྒྱལ་ཁབ་ཀྱི་ ཟུར་གསོག་གནས་སྟངས་ལུ་ གཞི་རྟེན་འབད་དགོཔ་ལས་ བསམ་འཆར་ག་ནི་ཡང་ བཀོད་མི་ཤེས་པས་ཟེར་ཨིནམ་ད་ ད་རེས་ སྐྱིན་འགྲུལ་མཚམས་འཇོག་གི་ དུས་ཡུན་ཕར་འགྱངས་འབད་མི་དེ་ཡང་ ཟུར་གསོག་ཚད་ཅིག་ལས་ མེད་ནི་དེ་གིས་ འོང་ནི་མས་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་ ༢༠༢༢ དང་ ༢༠༢༣ ལུ་ ཕྱི་དངུལ་ཟུར་གསོག་ ཡུ་ཨེཛ་ཌོ་ལར་ས་ཡ་ ༦༨༩ ཡོད་མི་དེ་གིས་ ཟླ་ངོ་ ༡༤ གི་ ཉེར་མཁོ་ནང་འདྲེན་འབད་ནི་ལུ་ལང་པའི་ ཚོད་རྩིས་ཨིནམ་ད་ དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པའི་ནང་ ཟུར་གསོག་དེ་ ཧེ་མའི་ལོ་ལས་ མར་བབས་སོང་སྟེ་ ཡུ་ཨེཛ་ཌོ་ལར་ས་ཡ་ ༤༦༤.༦༦ ལུ་ལྷོད་ནུག།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གནད་སྡུད་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པ་ལས་ཚུར་ ཟུར་གསོག་དེ་ མར་ཉམས་སོང་ཡོད་མི་དེ་ཡང་ ན་ཧིང་ སྤྱི་ཟླ་ ༦ པའི་ནང་ ཡུ་ཨེཛ་ཌོ་ལར་ས་ཡ་ ༥༣༢.༢༣ ཡོད་ས་ལས་ སྤྱི་ཟླ་ ༧ པ་དང་ ༨ པའི་ནང་ ཡུ་ཨེཛ་ཌོ་ལར་ས་ཡ་ ༤༧༢.༤༠ དང་ ཡུ་ཨེཛ་ཌོ་ལར་ས་ཡ་ ༤༦༨.༤༡ ལུ་ མར་བབས་སོང་ཡོདཔ་ཨིན་པས།
དངུལ་ཁང་ལྟེ་བ་གིས་ སྐྱིན་འགྲུལ་མཚམས་འཇོག་གི་དོན་ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ཚེས་ ༩ ལུ་ འགོ་དང་པ་ གསལ་བསྒྲགས་འབད་མི་དེ་ཡང་ རྒྱལ་གཞུང་དངུལ་དབང་འཛིན་དང་ འབྲུག་གཞུང་ལུ་ ཕྱི་དངུལ་ཕྱིར་སྤེལ་དང་ སྐྱིན་ཚབ་ཐོབ་མ་ཚུགས་པའི་ སྐྱིན་འགྲུལ་གྱི་ ཉེན་ཁ་ཚུ་དང་འབྲེལ་བའི་ ཚ་གྱང་ལུ་བརྟེན་ཏེ་ཨིན་པས།
སྐྱིན་འགྲུལ་མཚམས་འཇོག་དེ་ བསྣར་འགྱངས་ཐོག་ལུ་ཡོད་མི་ སྐྱིན་འགྲུལ་གྱི་ ཞུ་བ་ཚུ་དང་ རྒྱ་སྐྱེད་གསརཔ་ཚུ་ལུ་ཡང་ ཆ་གནས་ཡོདཔ་ད་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ཚེས་ ༨ ཀྱི་ ཧེ་མ་ལས་ གནང་བ་གྲུབ་ཚར་མི་དང་ སྐྱིན་འགྲུལ་བཏང་ཚར་མི་ཚུ་ལུ་ ཆ་གནས་འབད་མ་དགོཔ་ཨིན་པས།
དེ་ཡང་ ལོ་ ༡ གི་རྒྱབ་ལས་ བསྐྱར་ཞིབ་འབད་ནི་སྦེ་ བཞག་ཡོད་མི་དང་འཁྲིལ་ཏེ་ ད་རེས་ མཚམས་འཇོག་གི་ དུས་ཡུན་ཡར་སེང་འབད་མི་ལུ་ དངུལ་འབྲེལ་ལས་ཁང་ཚུ་དང་ ཁོང་གི་ཡན་ལག་ཚུ་ག་ར་གིས་ དུས་ཅི་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ཚུན་ ཆ་གནས་འབད་དགོཔ་ཨིན་པས།
གལ་སྲིད་ གོང་གི་གནད་དོན་ལས་ འགལ་བ་རེ་ འཐོན་པ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཉེས་བྱའི་བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་བསྟུན་པའི་ ཉེས་བྱ་བཀལ་ནི་ཨིན་པའི་གནས་ཚུལ།




Users Today : 717
Users Yesterday : 3927
This Month : 130320
This Year : 426286
Total Users : 1138102
Views Today : 771
Total views : 3145706
Who's Online : 26