
བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་གཙོ་འཛིན་ དྲག་ཤོས་པདྨ་ཚེ་དབང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ འདེམས་ཁྲི་དུམ་གྲ་མང་སུ་ཅིག་ འཐོབ་ནི་གི་ རེ་བ་བསྐྱེད་ཡོད་རུང་ མི་སེར་གྱིི་ གདམ་ཁ་ལུ་ བརྩི་བཀུར་ཡོད་ཟེར་ཨིན་པས།
ད་རེས་ ལྡོག་ཕྱོགས་ཀྱི་ འགན་ཁུར་འཁྲི་ནི་ཨིནམ་ལས་ ཁོང་གི་འགན་ཁུར་གཙོ་བོ་ར་ སྲིད་བྱུས་དང་ བཅའ་ཁྲིམས་ཚུ་ སྤྱིར་བཏང་མི་སེར་ལུ་ ཁེ་ཕན་ཡོདཔ་ད་ མི་སེར་ཚུ་གི་ མཐའ་དོན་ལུ་ཨིན་པ་ཅིན་ ཁོང་གི་ཁ་ཐུག་ལས་ རྒྱབ་སྐྱོར་ཕུལ་དགོ་ཟེར་ཨིན་པས།
གལ་སྲིད་ སྲིད་བྱུས་དང་ བཅའ་ཁྲིམས་ཚུ་ དེ་སྦེ་མེད་པ་ཅིན་ འགག་བཤེར་དང་ ཚད་མཉམ་གྱིི་ འགན་ཁུར་དང་འཁྲིལ་ཏེ་ ཁོང་གིས་ བཀག་རྐྱབ་དགོ་ཟེར་ཨིནམ་མ་གཏོགས་ ལྡོག་ཕྱོགས་ཨིན་ཟེར་ དུས་ནམ་ར་འབད་རུང་ གཞུང་ལུ་ བཀག་རྐྱབ་དགོཔ་མེད་ཟེར་ བཤདཔ་ཨིན་པས།
མི་སེར་དམངས་གཙོའི་ཚོགས་པའི་གཙོ་འཛིན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུག་གི་མི་སེར་ཚུ་གིས་ ཁོང་ལུ་ བློ་གཏད་ཡིད་ཆེས་ཡོད་མི་ལུ་ བཀྲིན་ཆེ་ཟེར་ཨིནམ་ད་ ད་རེས་ འགན་འཁྲི་སྦོམ་ར་འཁྲིཝ་ལས་ ཁས་བླངས་འབད་ནི་རྐྱངམ་གཅིག་མིན་པར་ རྒྱལ་ཁབ་ཀྱི་ རེ་བ་དང་ རེ་འདུན་ཚུ་ འགྲུབ་ཐབས་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ཨིན་པས།
དེ་གི་ནང་ལས་ཡང་ རྒྱལ་ཁབ་ཀྱི་དོན་ལུ་ དམིགས་བསལ་གྱིིས་ དགེ་ལེགས་ཕུག་ ཁྲོམ་ཆེན་གྱིིས་གཙོས་པའི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དགོངས་བཞེད་ཟབ་མོ་ འགྲུབ་ཐབས་ལུ་ གཙོ་བོར་བཟུང་སྟེ་ ཕྱག་ཞུ་དགོཔ་ཡང་ གལ་ཆེ་ཟེར་ཨིན་པས།
དེ་མ་ཚད་ དཔལ་འབྱོར་དེ་ རྒྱལ་ཁབ་གོང་འཕེལ་གྱིི་ གཞི་འགྱ མ་འབདཝ་ལས་ ད་རེས་ཀྱི་ དོ་འགྲན་ཚུ་ གོ་སྐབས་སྦེ་ ལག་ལེན་འཐབ་སྟེ་ དེ་འཕྲལ་ལས་ དཔལ་འབྱོར་ལེགས་བཅོས་འབད་དེ་ གོམ་པ་མདུན་དུ་སྤོ་དགོ་ཟེར་ཡང་ བཤདཔ་ཨིན་པས།
དེ་ཡང་ ཡིག་ཚང་གི་ ཉིནམ་དང་པའི་ནང་ར་ དཔལ་འབྱོར་ལུ་ ལྷན་ཐབས་འཆར་གཞིའི་སྒྲིག་བཀོད་ གཞི་བཙུགས་འབད་ནི་དང་བསྟུན་ཏེ་ དཔལ་འབྱོར་དང་འབྲེལ་བའི་ ཁས་བླངས་ཚུ་གི་ ལཱ་འབད་དགོ་ཟེར་ཨིན་པས།
ཁོང་གི་ཚོགས་པའི་ ཁས་བླངས་ཚུ་ ལོ་ལྔའི་འཆར་གཞི་ ༡༣ པའི་ འཆར་དངུལ་དང་འཁྲིལ་མི་འཁྲིལ་སྐོར་ལས་ བཤད་མིའི་ནང་ ཁས་བླངས་གསལ་བསྒྲགས་ བརྩམས་པའི་སྐབས་ལས་ར་ སྤྱིར་བཏང་ལུ་ འཆར་གཞི་ ༡༣ པའི་ འཆར་གཞིའི་སྐོར་ལས་ ཤེས་གསལ་ཡོད་པ་ལེ་བརྟེན་ཏེ་ འཆར་གཞི་འདི་ རྒྱས་ཤིང་རྒྱསཔ་སྦེ་ བལྟ་ཞིབ་འབད་དགོཔ་ཡོད་རུང་ སྒྱུར་བཅོས་སྦོམ་སྦེ་ ག་ནི་ཡང་ མི་འཐོན་ཟེར་ཨིན་པས།
ཁོང་གི་ཁས་བླངས་ ལེ་ཤ་ཅིག་ ར་ འཆར་གཞིའི་ནང་ཡོད་མི་ཚུ་ཨིནམ་ད་ འཆར་གཞིའི་མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་ ༥༡༢ སྦེ་ བཀོད་དེ་ཡོད་མི་ བསྡུ་སྒྲུབ་འབད་ནི་དེ་ ཁོང་གི་ འཕྲལ་མཁོའི་གཙོ་རིམ་ཨིན་པས།
དེ་ལས་ དངུལ་ཀྲམ་ཐེར་འབུམ་ ༡༥ གི་ དགོས་མཁོ་ལོགས་སུ་ཡོད་མི་དེ་ འཆར་གཞི་ ༡༡ པའི་ནང་བཟུམ་སྦེ་ར་ རྒྱ་གཞུང་ལས་ གནང་སྦྱིན་ལུ་ གདམ་ཁ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1390756
Views Today :
Total views : 5000
Who's Online :