ལྷོ་སི་རི་ཡ་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡༠ དམར་བསད།

བི་བི་སི།
སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ ལྷོ་སི་རི་ཡའི་ས་གནས་ ཨར་མཱན་ལུ་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ཚུ་རྩིས་ཏེ་ མི་གྲངས་ ༡༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་པའི་ཁར་ སྡོད་ཁྱིམ་ལེ་ཤ་ཅིག་ཡང་ མེདཔ་བཏང་མི་དེ་ ཇོར་ཌན་ཨིན་པའི་ དོགས་པ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ གནད་དོན་དེ་ལུ་ ཇོར་ཌན་གྱི་ ཁ་ཐུག་ལས་ ག་ནི་ཡང་ མ་བཤད་རུང་ འདས་པའི་ལོ་ནང་ སྨྱོ་རྫས་ཚོང་སྒྱུར་འཐབ་པའི་ དོགས་པ་ཡོད་མི་ཚུ་དང་ ཁོང་གི་མཐུན་རྐྱེན་ཚུ་གུ་ ཇོར་ཌཱན་གྱི་ དམག་མི་ཚུ་གིས་ གནོད་འཚུབ་ལེ་ཤ་ཅིག་ར་བཀལ་ནུག།
ཇོར་ཌན་དང་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་འབད་བ་ཅིན་ ཨི་རཱན་གྱིས་ རྒྱབ་སྐྱོར་འབད་མི་ དམག་སྡེ་ཚུ་གིས་ སི་རི་ཡའི་ གཞུང་དབང་ས་གནས་ཚུ་ནང་ སྨྱོ་རྫས་ཚུ་ ཁྱབ་ཆེ་ཏོག་ཏོ་སྦེ་ར་ ཚོང་སྒྱུར་འཐབ་དོ་ཡོདཔ་སྦེ་ཨིན་པས།
སི་རི་ཡ་ལུ་ཡོད་མི་ འགྲོ་བ་མིའི་དབང་ཆ་སྡེ་ཚན་གྱིས་ སྨྱོ་རྫས་ནག་ཚོང་སྡེ་ཚན་ བལྟ་རྟོག་ཐོག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་ཨར་མཱན་གྱི་ གནོད་འཚུབ་ནང་ མི་གྲངས་ ༩ ལུ་ ཤི་རྐྱེན་བྱུང་མིའི་གྲས་ཁར་ ཨམ་སྲུ་ ༥ དང་ ཨ་ལོ་ ༢ ཡོདཔ་ད་ དུས་ཅི་ར་ ཇོར་ཌཱན་གྱིས་ སི་རི་ཡའི་ མཁའ་དབྱིངས་ནང་ ཧམ་འཛུལ་འབད་མི་ ཐེངས་ ༣ པ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: