
ཨཱལ་ཇ་ཟི་ར།
དམག་མི་ ༣༠,༠༠༠ དེ་ཅིག་ཡོད་མི་ ཨ་ར་ཀཱན་ དམག་སྡེ་གིས་ མ་ཡཱན་མར་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་ཐོག་ལས་ དམག་འཁྲུག་ལང་སྟེ་ མ་ཡཱན་མར་དང་ རྒྱ་གར་ བང་ལ་དེཤ་ རྒྱལ་ཁབ་ ༣ གྱི་ ས་མཚམས་ལུ་ཡོད་མི་ ཁྲོམ་སྡེ་གཙོ་བོ་ཅིག་ དབང་བཟུང་འབད་ནུག།
དེ་ཡང་ ཨ་ར་ཀཱན་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ པ་ཚུན་ དྲག་པོའི་སྲིད་གཞུང་གིས་ ཨ་ར་ཀཱན་ དམག་སྡེ་དང་གཅིག་ཁར་ དམག་འཁྲུག་མཚམས་འཇོག་གི་དོན་ལས་ ཐེ་ཚོམ་ཐོག་ལུ་ གནས་ཡོདཔ་ད་ ད་རེས་ དྲག་པོའི་སྲིད་གཞུང་གི་ དམག་སྒར་དག་པ་ཅིག་ལས་ རྒྱལ་ཁ་ཐོབ་སྟེ་ ཅིན་མངའ་སྡེའི་ཁྲོམ་ པ་ལེཊ་ཝ་ཟེར་མི་དེ་ ཁོང་གིས་ དབང་བཟུང་འབད་ཡི་ཟེར་ཨིན་པས།
ཨ་ར་ཀཱན་གྱི་ བརྡ་བརྒྱུད་ནང་ བཀོད་དོ་བཟུམ་འབད་བ་ཅིན་ པ་ལེཊ་ཝ་ས་ཁོངས་ནང་ གཞུང་གི་དམག་སྒར་ ཕུད་རྡོག་གཅིག་ཡང་མེདཔ་ བཟོ་ཡོདཔ་མ་ཚད་ ཁྲོམ་དེ་ནང་གི་ བདག་སྐྱོང་སྒྲིང་ཁྱིམ་ཚུ་ལུ་ཡང་ ཨ་ར་ཀཱན་དམག་སྡེའི་ དར་ཚུ་འཕྱར་ནུག།
ཨིན་རུང་ གཞུང་གི་དམག་སྡེའི་ ཁ་ཐུག་ལས་ གནས་སྟངས་དེ་ལུ་ བསམ་འཆར་དང་ སྙན་ཞུ་ཚུ་ ག་ནི་ཡང་མེདཔ་ད་ ད་རེས་ པ་ལེཊ་ཝ་ཁྲོམ་དེ་ ངོ་རྒོལ་འབད་མི་ དམག་སྡེ་ལུ་ ཤོར་ནི་དེ་གིས སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ བཙག་འཐུ་ལས་གྲུབ་མི་གཞུང་དེ་ ཨམ་ཨང་སཱན་སུ་ཀི་ལས་ བཙན་འཕྲོག་འབད་མི་ དྲག་པོའི་སྲིད་གཞུང་ལུ་ དོ་འགྲན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
ཨ་ར་ཀཱན་ དམག་སྡེ་དེ་ མ་ཡཱན་མར་ དམངས་གཙོའི་དམག་སྡེ་དང་ ཏཱང་རྒྱལ་ཡོངས་དམག་སྡེ་ཚུ་ མཉམ་བསྡོམས་ཐོག་ལས་གྲུབ་པའི་ བར་དར་ཧུཌ་ མཐུན་འབྲེལ་ཟེར་མི་ དམག་སྡེ་ཨིནམ་ད་ ཁོང་གིས་ ན་ཧིང་ སྤྱི་ཟླ་ ༡༠ པའི་ནང་ལས་ དྲག་པོའི་སྲིད་གཞུང་ལུ་ ངོ་རྒོལ་གྱི་དོན་ལས་ དམག་འཁྲུག་སྦོམ་སྦེ་ར་ལང་ནི་ འགོ་བཙུགས་ནུག།
དམག་འཁྲུག་དེ་ཡང་ ཨོ་པེ་རེ་ཤཱན་ ༡༠༢༧ ཟེར་བའི་ མིང་གནས་བཀོད་དེ་ བྱང་ཕྱོགས་ཁ་ཐུག་ལུ་ རྒྱ་ནག་དང་ མ་ཡཱན་མར་གྱི་ ས་མཚམས་ཁར་ ཁྲོམ་དང་ དམག་སྒར་གཙོ་བོ་ཚུ་ དབང་བཟུང་འབད་དེ་ བཙག་འཐུ་ལས་གྲུབ་པའི་ གཞུང་བཙན་འཕྲོག་འབད་མིའི་ རྒྱབ་འགལ་ལུ་ དམག་འཁྲུག་ཤུགས་སྦེ་ར་ ལང་ནི་ལུ་ སེམས་ཤུགས་བསྐྱེདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1393213
Views Today :
Total views : 5000
Who's Online :