
ཨེན་ཌི་ཊི་ཝི།
ཀེ་ན་ཌ་ལུ་ བཟའ་འཐུང་གི་གོང་ཚད་དང་ ཁང་གླ་ཚུ་མཐོ་བའི་ དཀའ་ངལ་དང་འབྲེལ་ཏེ་ ཀེ་ན་ཌ་གཞུང་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་དོན་ལས་ འཛུལ་ཞུགས་ཆོག་ཐམ་གྱི་ ལམ་ལུགས་ཚུ་ སྒྱུར་བཅོས་འབད་མི་དེ་གིས་ རྒྱ་གར་ལས་ ཀེ་ན་ཌ་ལུ་ ཤེས་ཡོན་སྦྱང་པའི་བསྒང་ཡོད་མི་དང་ ཤེས་ཡོན་སྦྱང་པར་འགྱོ་ནི་གི་ འདུན་པ་ཡོད་མི་ཚུ་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།
དེ་ཡང་ ཨོ་ཊ་ཝ་ གཞུང་ཚབ་ཡིག་ཚང་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ནང་ལས་ ད་རེས་ནངས་པ་ གྱངས་ཁ་མཐོ་ཤོས་ར་ རྒྱ་གར་ལས་ སློབ་ཕྲུག་ ༢༣༠,༠༠༠ དེ་ཅིག་ཡོདཔ་ཨིན་པས།
ཀེ་ན་ཌ་གིས་ ད་ལས་ཕར་ ལོ་རེ་བཞིན་དུ་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ འཛུལ་ཞུགས་ཆོག་ཐམ་ ༣༦༠,༠༠༠ ལས་རྒལ་ཏེ་ མི་སྤྲོད་ནི་སྦེ་ཨིནམ་ལས་ ལམ་ལུགས་དེ་གིས་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་ ༣༥ གིས་ མར་འབབ་འགྱོ་ནི་ཨིན་རུང་ ཀེ་ན་ཌའི་ ཕྱི་མི་ནང་བསྐྱོད་བློན་པོ་ མཱག་མི་ལར་གྱིས་ ལམ་ལུགས་དེ་ ལོ་ངོ་ ༢ ཀྱི་དོན་ལས་ གནས་སྐབས་ཀྱི་ སྲིད་བྱུས་ཅིག་ཨིནམ་སྦེ་ གསལ་བཤད་འབད་ནུག།
གྲོས་འཆར་གསརཔ་དེ་ནང་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་མི་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་དོན་ལུ་ ལཱ་གི་ཆོག་ཐམ་དེ་ཡང་ ཚད་འཛིན་འབད་ནི་ཨིནམ་ལས་ དེ་བཟུམ་མའི་ ཚད་འཛིན་དེ་གིས་ སློབ་ཕྲུག་ཚུ་ རང་སོའི་རྒྱལ་ཁབ་ནང་ ལོག་འགྱོ་ནི་ལུ་ སེམས་སྐུལ་འབད་ཐབས་ལུ་ཨིན་པས།
ཧེ་མ་འབད་བ་ཅིན་ ལཱ་གི་ཆོག་ཐམ་ཚུ་ལུ་བརྟེན་ཏེ་ ཀེ་ན་ཌའི་ གཏན་འཇགས་གནས་སྡོད་ཀྱི་ ཆོག་ཐམ་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་དོ་ཡོདཔ་ཨིན་རུང་ ད་རེས་ལས་ མཐོ་རིམ་གོང་མའི་ཤེས་ཡོན་དང་ མཁས་དབང་ཤེས་ཡོན་སྦྱང་མི་ཚུ་ལུ་ ལོ་ངོ་ ༣ རེའི་ ལཱ་གི་ཆོག་ཐམ་མ་གཏོགས་ མི་འཐོབ་ནི་ཨིན་པས།
དེ་བཟུམ་སྦེ་ ཚད་གཞི་མེད་པའི་ ལཱ་གི་ཆོག་ཐམ་ཚུ་ཡང་ མཐོ་རིམ་གོང་མའི་ཤེས་ཡོན་དང་ མཁས་དབང་གི་ཤེས་ཡོན་སྦྱང་མི་ རྒྱལ་སྤྱིའི་སློབ་ཕྲུག་གི་ བཟའ་ཟླ་ཚུ་རྐྱངམ་གཅིག་ལུ་ ཐོབ་ལམ་ཡོདཔ་ད་ གཞན་མཐོ་རིམ་ཤེས་ཡོན་དང་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ལུ་ ཐོབ་ལམ་མེདཔ་ བཟོཝ་ཨིན་པས།
དེ་ཁ་ལུ་ སློབ་ཕྲུག་གི་ ཞུ་ཡིག་ཚུ་དང་གཅིག་ཁར་ ཡིག་ཆ་གསརཔ་ཅིག་གི་ དགོས་མཁོ་ཡང་ བསྒྲུབ་དགོཔ་ད་ དེ་ཡང་ སློབ་ཕྲུག་ཚུ་གི་ ཤེས་ཡོན་སྦྱང་ནི་གི་ འདུན་པ་ཡོད་པའི་ མངའ་ཁོངས་ནང་ལས་ སློབ་ཕྲུགཔ་ཚུ་གི་དོན་ལུ་ སྡོད་ས་ཡོདཔ་སྦེ་ ངེས་སྦྱོར་ཡིག་ཆ་ཚུ་ སྦྲགས་དགོཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1917
Users Yesterday : 3983
This Month : 139317
This Year : 435283
Total Users : 1147099
Views Today : 2413
Total views : 3156966
Who's Online : 11