
འབྲུག་རྒྱལ་ཁབ་ནང་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམས་ འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་མི་ཚུ་གི་དོན་ལས་ འབྲུག་གི་ཉིན་བསྟར་ཡུན་བརྟན་གོང་འཕེལ་གྱི་འཐུས་དེ་ ཡངས་ཆག་གཏང་ནི་ཨིན་པས།
དེ་ཡང་ འབྲུག་གི་བལྟ་བཤལ་བཟོ་གྲྭ་དང་ ཚོང་ལཱ་ དེ་ལས་ དེ་བཟུམ་མའི་ ས་གོ་ཚུ་གི་ ཚོང་ལམ་ལུ་ ཁེ་ཕན་ཡར་དྲག་བཏང་ནི་གི་ དམིགས་གཏད་ཨིནམ་ལས་ གོང་འཁོད་ལས་དོན་ཚུ་དང་འབྲེལ་བའི་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡངས་ཆག་གི་དོན་ལུ་ ཡོངས་འབྲེལ་ཐོག་ལས་ ཞུ་བ་འབད་དགོ་ཟེར་ འབྲུག་གི་བལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
སྤྱི་ལོ་ ༢༠༡༩ ལུ་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམས་ འགྲེམ་སྟོན་ཚུ་དང་འབྲེལ་བའི་ རྒྱ་པཱན་དང་ ཡུ་ཀེ་ ཇར་མ་ནི་ རྒྱ་གར་ཚུ་གི་ནང་ལས་ བལྟ་བཤལཔ་ ༩༠༤ དེ་ཅིག་ འབྲུག་ལུ་འོང་ཡོདཔ་ད་ ཁོང་གིས་ ས་གནས་ཀྱི་ དཔལ་འབྱོར་དང་ མི་སྡེ་ལུ་ ཁེ་ཕན་སྦོམ་སྦེ་ བྱུང་སྟེ་ཡོདཔ་ཨིན་པས།
དེ་སྦེ་ ཡུན་བརྟན་གོང་འཕེལ་གྱི་ འཐུས་ཡངས་ཆག་དེ་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམས་ འགྲེམ་སྟོན་ཚུ་ལུ་ ཆེད་དུ་དམིགས་ཏེ་ཨིནམ་ད་ ཐོབ་ལམ་དེ་གི་དོན་ལས་ འགོ་འདྲེན་འཐབ་མི་དང་ ལེགས་སྦྱར་བ་ དེ་ལས་ རྩ་བོ་ཚུ་མ་བརྩི་བར་ གྲལ་གཏོགས་འབད་མི་ ཉུང་ཤོས་ར་ མི་གྲངས་ ༧ འོང་དགོཔ་ཨིན་ཟེར་བཀོད་ནུག།
དེ་བཟུམ་མའི་ ཞལ་འཛོམས་དང་ གྲོས་འཛོམས་ཚུ་ བལྟ་བཤལ་ལས་ཁུངས་ཀྱིས་ ངོ་སྦྱོར་འབད་ཡོད་མི་ འབྲུག་མི་བལྟ་བཤལ་ལག་ལེན་པ་དང་ ཡང་ཅིན་ བཟའ་ཁང་ཚུ་རྐྱངམ་གཅིག་གིས་ འགོ་འདྲེན་འཐབ་ཆོག་ནི་དང་ འཐུས་ཡངས་ཆག་དེ་ གྲལ་གཏོགས་འབད་མི་ ཉག་གཅིག་ལུ་མ་གཏོགས་ གྲལ་གཏོགས་འབད་མིའི་ མཉམ་རོགས་དང་ ཨ་ལོ་ ཆ་རོགས་ཚུ་ལུ་ ཐོབ་ལམ་མེདཔ་ཨིན་པས།
འཐུས་ཡངས་ཆག་གི་ ཞུ་བ་ཚུ་ཡང་ ཞལ་འཛོམས་དང་ གྲོས་འཛོམས་ འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་ནི་ཨིན་པའི་ དུས་ཚོད་ལས་ ཟླ་ངོ་ ༡ གི་ སྔ་གོང་ལས་ འབད་དགོཔ་ཨིན་རུང་ ཉོག་མེདཡི་གུ་དང་ གནང་བ་གཞན་གྱི་རིགས་ཚུ་ འགོ་འདྲེན་འཐབ་མི་རང་གིས་ གྲ་སྒྲིག་འབད་དགོཔ་སྦེ་བཀོད་ནུག།
དེ་ལས་ གཞན་ཡང་ ཞུ་བ་འབད་མི་ཚུ་གིས་ གྲལ་གཏོགས་འབད་མི་ཚུ་གི་ཐོ་དང་ གོ་གནས་ ལས་སྡེ་ ལམ་ཡིག་གི་ འདྲ་བཤུས་ཚུ་དང་སྦྲགས་ཏེ་ ཕུལ་དགོ་པའི་ ཞུ་ཡིག་བྲིས་ཤོག་དེ་ ཡོངས་འབྲེལ་ཁ་བྱང་ www.visit.doi.gov.bt ནང་ལས་ ཕབ་ལེན་འབད་ཚུགས་ཟེར་ཨིན་པས།
དེ་བཟུམ་མའི་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམས་ འགྲེམ་སྟོན་ཚུ་ མཇུག་བསྡུ་སྟེ་ མགྱོནམོ་དེ་ཚུ་ ལོག་འགྱོ་བའི་ ཉིན་མ་ལས་ ཟླ་ངོ་ ༡ གི་ ནང་འཁོད་ལུ་ དཔར་ཚུ་དང་སྦྲགས་ཏེ་ གྲུབ་འབྲས་སྙན་ཞུ་བཅུད་བསྡུས་ཅིག་ བལྟ་བཤལ་ལས་ཁུངས་ལུ་ ཕུལ་དགོ་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
གནད་དོན་དེ་གི་སྐོར་ལས་ བལྟ་བཤལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ ཞལ་འཛོམས་དང་ སེམས་ཤུགས་མཐུན་རྐྱེན་ གྲོས་འཛོམས་ འགྲེམ་སྟོན་ཚུ་གི་ ཚོང་ལམ་དེ་ རྒྱལ་སྤྱིའི་བལྟ་བཤལ་བཟོ་གྲྭ་ལུ་ འོང་འབབ་ཀྱི་ ཁེ་ཕན་མཐོ་ཤོས་ཡོད་པའི་ བཟོ་གྲྭ་ཅིག་ཨིནམ་ད་ ང་བཅས་རའི་ རྒྱལ་ཁབ་ནང་ཡང་ དེ་བཟུམ་མའི་ ཚོང་ལམ་ལུ་ དང་འདོད་གོང་འཕེལ་གྱི་དོན་ལས་ སེམས་ཤུགས་མཐུན་རྐྱེན་ སྤྲོད་དགོཔ་དེ་ གལ་ཆེཝ་སྦེ་ མཐོང་མས་ཟེར་ བཤད་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390755
Views Today :
Total views : 5000
Who's Online :