
རང་ཟླ་ ༡༢ པའི་ཚེས་ ༡༥ སྤྱི་ཟླ་ ༡ པའི་ཚེས་ ༢༥ ལུ་ རྒྱལ་ཡོངས་ཚོགས་ཁང་ཆེན་མོའི་ནང་སྦེ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ ཞལ་འཛོམས་དང་པ་ འཚོགས་གནང་ཡི།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཞལ་འཛོམས་དང་པ་ འཚོགས་དགོ་པའི་ བཀའ་ཤོག་གནང་མི་དང་འཁྲིལ་ཏེ་ཨིནམ་ད་ བཀའ་ཤོག་འདི་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ལྷག་ཕུལ་བའི་ཤུལ་ལས་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཚུ་གིས་ སྤྱི་ཚོགས་ཀྱི་ འཐུས་མིའི་གོ་གནས་ལེན་པའི་ བརྡ་མཚོན་ལུ་ མི་དབང་ཞབས་ལས་གནང་མི་ ཕྱག་ཤན་དང་ རྒྱན་རྟགས་ཚུ་ བཏགས་ཞིནམ་ལས་ བཀབ་ནེ་སོར་ཡོདཔ་ཨིན་པས།
དེ་ལས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་བརྩི་སྲུང་གི་ཤུལ་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ ཟུར་དེབ་ ༣ པ་དང་འཁྲིལ་ཏེ་ འབྲུག་གི་ཁྲིམས་སྤྱི་བློན་པོ་གིས་ འཐུས་མི་ཚུ་གི་ གོ་གནས་ཀྱི་ དམ་བཅའམ་ ངོས་ལེན་གྱི་ འགན་འཛིན་མཛད་ནུག།
དེ་མ་ཚད་ འདེམས་ངོ་ཚུ་གིས་ སྤྱི་ཚོགས་ཀྱི་ འཐུས་མིའི་འགན་ཁུར་ཞུ་བའི་ བརྡ་མཚོན་ལུ་ གོ་གནས་ཀྱི་ དམ་བཅའི་གུ་ རང་སོའི་ལག་བྲིས་བཀོད་དེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་འཁོད་ཡོད་མི་ སྲིད་བྱུས་ཀྱི་ གཞི་རྩ་ཚུ་ སྲུང་ནི་དང་ ཕྱག་ཕྱིན་ཞུ་ནི་ཨིན་ཟེར་བའི་ ཁས་ལེན་འདི་ རྒྱལ་ཡོངས་ཚོགས་ཁང་ནང་ ཕུལ་ཡོདཔ་ཨིན་པས།
དེ་ཚེ་དྲོ་པར་ འདེམས་ངོ་ཚུ་གིས་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ཏེ་ རང་སོའི་བཙག་འཐུའི་ ངོ་སྦྱོར་ལག་ཁྱེར་དེ་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་ལུ་ ཕུལ་ཡོད་པའི་གནས་ཚུལ།






Users Today : 3539
Users Yesterday : 3627
This Month : 3539
This Year : 440532
Total Users : 1152348
Views Today : 4554
Total views : 3168125
Who's Online : 15