
བི་བི་སི།
མདང་ཞག་གཅིག་ཁར་ ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ གྲོགས་རམ་བྱིན་ནི་འབདཝ་ད་ ཧང་ག་རི་རྒྱལ་ཁབ་ཀྱིས་ བཀག་ཆ་འབད་དེ་ཡོད་རུང་ ད་རེས་ ཚོགས་པ་དེ་གི་ འཐུས་མི་རྒྱལ་ཁབ་ ༢༧ པོ་ག་ར་གིས་ ཡུ་རོ་ཐེར་འབུམ་ ༥༠ བྱིན་ནི་སྦེ་ ཁ་འཆམ་ནུག།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ མ་དངུལ་གྲོགས་རམ་དེ་གིས་ ཁོང་གི་རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་ དངུལ་འབྲེལ་གྱི་ བརྟན་གཞི་སྒྲིང་སྒྲིང་འགྱོ་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས་ཟེར་ བཤད་ཡོདཔ་ད་ གྲོགས་རམ་དེ་གི་ འགོ་ཐོག་འཛིན་གྲོལ་དེ་ སྤྱི་ཟླ་ ༣ པའི་ནང་ འཐོབ་ནི་གི་ རེ་བ་ཡོདཔ་ཨིན་པས།
མ་གཞི་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ ཡུ་རོབ་རྒྱལ་ཁབ་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ གྲོགས་རམ་གྱི་ གྲོས་འཆར་བཀོད་པའི་སྐབས་ལུ་ ཧང་ག་རི་རྒྱལ་ཁབ་ཀྱིས་ བཀག་ཆ་འབད་ཡོདཔ་བཞིན་དུ་ ད་རེས་ཡང་ བཀག་ཆ་མི་འབད་ག་མནོ་བའི་ ཐེ་ཚོམ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ ཧང་ག་རིའི་བློན་ཆེན་ བིག་ཊོར་ཨོར་བཱན་གྱིས་ ཡུ་ཀེ་རེན་ལུ་ མ་དངུལ་གྱི་ གྲོགས་རམ་བྱིན་ནི་གི་ ཁས་ལེན་སྲིད་བྱུས་ཀྱི་སྐོར་ལས་ མནོ་བསམ་ལོག་གཏང་དགོཔ་དང་ ད་ལས་ཕར་ ལོ་ངོ་ ༤ གི་རིང་ལུ་ མ་དངུལ་གྱི་ གྲོགས་རམ་ཚུ་ འོས་འབབ་ཡོད་མེད་ཀྱི་ དྲི་བཀོད་འབད་ཡོདཔ་ བློན་ཆེན་དེ་ ར་ཤི་ཡའི་སྲིད་འཛིན་ ཝེ་ལ་ཌི་མིར་ པུ་ཊིན་དང་ མཐུན་ལམ་ཡོད་མི་ཅིག་ཨིན་པས།
གྲོགས་རམ་མ་དངུལ་དེ་ ཤུལ་མའི་ལོ་ངོ་ ༤ གི་ནང་ ཡུ་ཀེ་རེན་ལུ་ དགོངས་ཞུའི་ཟུར་ཕོགས་དང་ དངུལ་ཕོགས་ དེ་ལས་ དགོས་མཁོ་ཅན་གྱི ཟད་འགྲོ་ཚུ་གི་དོན་ལས་ ལག་ལེན་འཐབ་ནི་དང་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ གྲོགས་རམ་དེ་ཡང་ དམག་གི་གྲོགས་རམ་སྦོམ་ཤོས་བྱིན་མི་ ཡུ་ཨེཛ་གི་ གྲོགས་རམ་དེ་ ཚོགས་ཁང་ནང་ལས་ བཀག་ཆ་འབད་དེ་བཞག་པའི་ དུས་ཡུན་ནང་ གནང་བ་གྲུབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 2043
Users Yesterday : 3574
This Month : 12438
This Year : 449431
Total Users : 1161247
Views Today : 2500
Total views : 3180611
Who's Online : 8