
སྤྱི་ཟླ་ ༡ པའི་ཚེས་ ༣༡ ལུ་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་ བརྩི་སྲུང་འབད་མི་ སྤྱི་ལོ་ ༢༠༢༣ ལོའི་ བོའི་ཨེཇ་མེ་ག་ཛིན་གྱི་ རྟགས་མའི་རྟེན་འབྲེལ་ནང་ འབྲུག་ལུ་ དམིགས་བསལ་བསྐྱོད་ཡུལ་གྱི་ གཟེངས་རྟགས་ཐོབ་ནུག།
དེ་ཡང་ འགྲོ་འགྲུལ་དང་ མགྲོན་སྐྱོང་ འཚོ་བའི་གནས་སྟངས་ དེ་ལས་ བསྐྱོད་ཡུལ་ཚུ་ ཁྱད་དུ་འཕགས་པའི་ ངོས་ལེན་ལུ་ བྱིན་ཡོདཔ་ད་ ད་རེས་ ཟླ་ངོ་ ༡ གི་ ནང་འཁོད་ལུ་ར་ འབྲུག་གིས་ རྒྱ་ནག་ལས་ གཟེངས་རྟགས་ལན་ཐེངས་ ༢ ཐོབ་ཡོདཔ་ཨིན་པས།
དུས་སྟོན་དེ་ནང་ ས་གནས་མ་འདྲ་བའི་ འགྲུལ་བསྐྱོད་ཀྱི་ གནས་སྟངས་དང་ སྐྱེན་ལྡན་བལྟ་བཤལ་ རང་བཞིན་གནས་སྟངས་བལྟ་བཤལ་ ཡུན་བརྟན་བལྟ་བཤལ་ལ་སོགས་པ་ཚུ་ཡང་ འགྲེམ་སྟོན་འབད་ཡོདཔ་ད་ རྒྱ་ནག་གི་ བལྟ་བཤལཔ་ཚུ་གི་དོན་ལས་ འབྲུག་རྒྱལ་ཁབ་འདི་ ཁྱད་ཆོས་དང་ལྡན་པའི་ཁ་ལུ་ སེམས་ཁར་འབབ་པའི་ བལྟ་བཤལ་གྱི་ བསྐྱོད་ཡུལ་ཅིག་སྦེ་ གཙོ་བོར་བཟུང་ནུག།
སྤྱི་ལོ་ ༢༠༢༣ གྱི་ གཟེངས་རྟགས་ཀྱི་དོན་ལུ་ བལྟ་བཤལ་བཟོ་གྲྭའི་ མཁས་མཆོག་ཚུ་དང་ བརྡ་བརྒྱུད་ཀྱི་ ཁྱད་ལཱ་འབད་མི་ དེ་ལས་ བསམ་འཆར་བཀོད་མི་ གཙོ་བོ་ཚུ་གིས་ དབྱེ་དཔྱད་མཐིལ་ཕྱིན་ བད་ཡོདཔ་ཨིན་པས།
དུས་སྟོན་སྐབས་ལུ་ བོའི་ཨེཇ་མེ་ག་ཛིན་གྱི་ རྩོམ་སྒྲིག་གཙོ་འཛིན་ ཨམ་དོང་ཇུན་གྱིས་ འབྲུག་ལུ་ དམིགས་བསལ་གྱི་ འགྲུལ་བསྐྱོད་ཀྱི་ཡུལ་སྦེ་ ལོ་བསྟར་གཟེངས་རྟགས་ བྱིན་མི་དེ་ཡང་ འབྲུག་གིས་ ཀུན་ཚང་གོང་འཕེལ་དང་ བཙོག་རླུང་ཀཱར་བོན་མེད་པའི་རྒྱལ་ཁབ་ དེ་ལས་ ཡུན་བརྟན་ཅན་གྱི་ ལམ་ལུགས་ཚུ་ལུ་ ཁས་ལེན་ཡོད་པའི་ རྟགས་མཚན་ལུ་ཨིན་པའི་ གསལ་བཤད་འབད་ནུག།
དེ་མ་ཚད་ མོ་གིས་འབད་བ་ཅིན་ གཟེངས་རྟག་དེ་གིས་ འབྲུག་རྒྱལ་ཁབ་འདི་ ལམ་སྲོལ་དང་ མཐའ་འཁོར་གནས་སྟངས་ཀྱི་ འགན་ཁུར་ ༢ སྐྱོན་མེདཔ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ལས་ འགྲོ་འགྲུལ་གྱི་ཡུལ་ ཁྱད་དུ་འཕགས་པ་ལུ་ གྱུར་ཡོད་པའི་ ངོས་ལེན་ལུ་ཡང་ཨིན་ཟེར་ བཤད་ཡོདཔ་ད་ ཨམ་དོན་ཇུན་དེ་ སྤྱི་ལོ་ ༢༠༡༧ ལུ་ རྒྱལ་ཁབ་ནང་ བལྟ་བཤལ་ལུ་ འོང་ཡོདཔ་ཨིན་པས།
བོའི་ཨེཇ་ཟེར་མི་དེ་ རྒྱ་ནག་གི་ མིང་གཏམ་ཅན་གྱི་ འགྲོ་འགྲུལ་གྱི་ དུས་དེབ་ཅིག་ཨིནམ་ད་ དུས་དེབ་དེ་གི་ཐོག་ལས་ རྒྱལ་སྤྱིའི་གནས་རིམ་ནང་ ཁྱད་ཆོས་དང་ལྡན་པའི་ བལྟ་བཤལ་གྱི་ བསྐྱོད་ཡུལ་དང་ བཟའ་ཁང་ ས་གནས་ཚུ་གི་སྐོར་ལས་ བཀོད་དོ་ཡོདཔ་ད་ དེ་ཡང་ ལོ་རེའི་ནང་ ལན་ཐེངས་ ༢ རེ་ དཔར་བསྐྲུན་འབད་དེ་ དུས་དེབ་ ༥༡༨,༠༠ རེ་ བཀྲམ་སྤེལ་འབདཝ་མ་ཚད་ མི་སྡེ་བརྡ་བརྒྱུད་ནང་ཡང་ ཁྱབ་སྤེལ་འབདཝ་ཨིན་པས།
ད་རེས་ཀྱི་ གཟེངས་རྟགས་དེ་གིས་ རྒྱ་ནག་གི་ བལྟ་བཤལཔ་ཚུ་གི་དོན་ལུ་ འབྲུག་གི་མིང་གཏམ་ ལེགས་ཤོམ་བཟོ་ཚུགས་པའི་ཁར་ འབྲུག་གི་ཁ་ཐུག་ལས་ཡང་ བལྟ་བཤལ་པའི་དོན་ལུ་ བརྩོན་ཤུགས་ཚུ་ ངེས་གཏན་བསྐྱེད་དོ་ཡོད་པའི་ རྟགས་མཚན་སྟོན་དོ་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1393484
Views Today :
Total views : 5000
Who's Online :