
བལྟ་བཤལ་ལས་ཁུངས་ཀྱིས་ གསར་བཏོན་འབད་མི་ གནས་ཚུལ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༢༣ ལུ་ སྔོན་དཔག་གི་ ཚད་གཞི་ལས་ལྷག་སྟེ་ བལྟ་བཤལཔ་ ༡༠༣,༠༠༠ དེ་ཅིག་ ལྷོད་མིའི་གྲས་ལས་ བརྒྱ་ཆ་ ༧༠ དེ་ཅིག་ ཡུན་བརྟན་གོང་འཕེལ་གྱི་འཐུས་ དངུལ་ཀྲམ་ ༡,༢༠༠ རེ་ སྤྲོད་ཐོག་ལས་ འོང་ཡོདཔ་ད་ དེ་གི་ལྷག་ལུས་ བརྒྱ་ཆ་ ༣༠ པོ་དེ་ རྒྱ་གར་ལས་ འོང་ཡོདཔ་ཨིན་པས།
ལོ་དེ་ནང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཡུ་ཨེཛ་ཌོ་ལར་བསྡོམས་ ས་ཡ་ ༢༦ དེ་ཅིག་ བསྡུ་ལེན་འབད་མི་དེ་ ནད་ཡམས་མ་ཐོན་པའི་ སྔ་གོང་གི་ འོང་འབབ་ཚད་གཞི་ལས་ཡང་ ལྷག་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༡༩ ལུ་ ཡུན་བརྟན་གོང་འཕེལ་གྱི་འཐུས་ ཌོ་ལར་ས་ཡ་ ༢༥ དང་ སྤྱི་ལོ་ ༢༠༢༠ ལུ་ ཌོ་ལར་ས་ཡ་ ༣ སྤྱི་ལོ་ ༢༠༢༡ ལུ་ འོང་འབབ་ཀླད་ཀོར་ དེ་ལས་ སྤྱི་ལོ་ ༢༠༢༢ ལུ་ ཌོ་ལར་ས་ཡ་ ༦.༥ བསྡུ་ལེན་འབད་ནུག།
སྤྱི་ལོ་ ༢༠༢༣ ལུ་ རྒྱལ་ཁབ་ནང་ བལྟ་བཤལཔ་མཐོ་ཤོས་འོང་མི་ རྒྱལ་ཁབ་ཚུ་ཡང་ རྒྱ་གར་དང་ ཡུ་ཨེཛ་ཨེ་ ཡུ་ཀེ་ སིངྒ་པོར་ རྒྱ་ནག་ ཇར་མ་ནི་ ཝེཊ་ནཱམ་ མ་ལེ་ཤི་ཡ་ ཨཱཛ་ཊེ་ལི་ཡ་ ཀེ་ན་ཌ་ཚུ་ཨིན་པས།
འབྲུག་ལུ་ བལྟ་བཤལ་གྱི་ལཱ་དེ་ བསྐྱར་གསོ་འབད་བའི་བསྒང་ཡོདཔ་ལས་ བལྟ་བཤལ་གྱི་ ཚོང་ལམ་དེ་ ཆུང་ཀུ་སྦེ་ཡོད་རུང་ རྒྱ་ནག་དང་ ཡུ་ནའི་ཊེཌ་ཨ་རབ་ ཨེ་མི་རེཊ་ སའུ་དི་ཨ་རེ་བི་ཡ་ བ་ར་ཛིལ་ ར་ཤི་ཡ་ དེ་ལས་ རྒྱལ་ཁབ་གཞན་ཚུ་ལས་ཡང་ བལྟ་བཤལཔ་ཡར་འཕར་འགྱོ་ནི་གི་ གོ་སྐབས་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
འཛམ་གླིང་བལྟ་བཤལ་ཚོགས་པའི་ འཕྲལ་ཁམས་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་ ༢༠༢༣ ལུ་ ཨེ་ཤི་ཡ་དང་ པེ་སི་ཕིག་ནང་ ནད་ཡམས་ཀྱི་ སྔ་གོང་གནས་ཚད་ལས་ བལྟ་བཤལཔ་བརྒྱ་ཆ་ ༦༥ དེ་ཅིག་ བསྐྱར་གསོ་འབད་ཚུགས་ཡོདཔ་ལས་ སྤྱི་ལོ་ ༢༠༢༤ ལུ་ འབྲུག་གི་ཁ་ཐུག་ལས་ བལྟ་བཤལཔ་ ༣༠༠,༠༠༠ འོང་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་ ༡ པའི་ནང་ བལྟ་བཤལཔ་ ༤,༤༡༤ ལྷོད་མི་དེ་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡ པའི་ནང་ བལྟ་བཤལཔ་ ༢,༦༧༠ ལྷོད་མི་ལས་ ལོག་བལྟབ་སྦེ་ ལྷོད་པ་ལུ་བརྟེན་ཏེ་ དམིགས་གཏད་དེ་ བསྒྲུབ་ཚུགས་པའི་ རེ་བ་ཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༡ པའི་ནང་ བལྟ་བཤལ་པ་ཚུ་ཡང་ རྒྱ་གར་དང་ ཡུ་ཨེཛ་ རྒྱ་ནག་ བ་ར་ཛིལ་ ཨཱཛ་ཊེ་ལི་ཡ་ ཇར་མ་ནི་ རྒྱལ་ཁབ་ཚུ་ལས་ འོང་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1393484
Views Today :
Total views : 5000
Who's Online :