
གནམ་ལོ་ཤིང་འབྲུག་ཟླཝ་ ༡༢ པའི་ཚེས་ ༢༢ སྤྱི་ཟླ་ ༢ པའི་ཚེས་ ༢ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༡༢ ཀྱི་རིང་ལུ་ ཡོན་ཏན་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་ ༣༥༠ ལྷགཔ་ཅིག་གིས་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ ལོ་བསྟར་གནང་སྲོལ་ཡོད་པའི་ མགོན་དབང་སྒྲུབ་ཆེན་ ཐེངས་ ༣༨༢ པ་འདི་ གནངམ་ཨིན་པས།
དེ་ཡང་ དྲོ་པའི་ཆུ་ཚོད་ ༤ ལུ་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཀྱིས་ ལས་ཚོགས་སློབ་དཔོན་དང་ ཡོན་ཏན་སློབ་དཔོན་ ཚོགས་ཀྱི་སློབ་དཔོན་ དེ་ལས་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་བློན་པོ་ རྫོང་བདག་ཚུ་ ལྷན་འཛོམས་ཐོག་ལུ་ བུམ་པ་བཀྲ་ཤིས་ བསྐྱལ་གནང་སྟེ་ འགོ་བཙུགས་གནང་ནུག།
དེ་བཟུམ་མའི་ སྤུངས་རྗོང་མགོན་དབང་སྒྲུབ་ཆེན་གྱི་ ཁུངས་དང་དགོས་པ་ མདོར་བསྡུས་ཅིག་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ མི་སྡེ་བརྡ་བརྒྱུད་ ཕེཛ་བུ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ དཔལ་འཁོར་ལོ་སྡོམ་པའི་ དཀྱིལ་འཁོར་རང་བྱོན་ ཐབས་ཤེས་ཆུ་བོ་ཕོ་མོ་ ༢ གཡས་གཡོན་ལས་ལྡིང་བའི་ གནས་མཆོག་ཁྱད་པར་ཅན་ རི་བོ་གླང་ཆེན་ འགྱིང་བ་འདྲ་བའི་སྣ་སྟེང་ འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ དཔལ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྤྱི་ལོ་༡༦༣༡ གི་ལོར་ ལྷ་དང་ བླ་མའི་ལུང་བསྟན་དང་བསྟུན་ཏེ་ དཔལ་ལྡན་འབྲུག་པའི་སྲོག་རྗོང་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ ཕྱག་བཏབ་གནང་ནུག་ཟེར་ཨིན་པས།
དེ་བསྒང་ དཔལ་ཡེ་ཤེས་མགོན་པོ་ལ་སོགས་པ་ དཀར་ཕྱོགས་སྐྱོང་བའི་ ལྷ་ཚོགས་རྣམས་ཀྱིས་ འཕྲིན་ལས་ཐོགས་མེད་སྒྲུབ་ནི་དང་ ཕྱི་ནང་ ༢ ཀྱི་དགྲ་ལས་ རྣམ་པར་རྒྱལ་བའི་ བཀའ་དྲིན་གཏང་རག་རྒྱས་པར་ ཕུལ་ནིའི་དོན་ལས་ སྤྱི་ལོ་ ༡༦༤༢ དུས་རབས་བཅུ་བདུན་པ་ རབས་བྱུང་ ༡༡ པའི་ གནམ་ལོ་ཆུ་ཕོ་རྟ་ལོར་ མགོན་པོའི་དབང་ཆོག་རྒྱས་པའི་ སྒྲུབ་མཆོད་ཆེན་མོ་འདི་ གཞི་བཙུགས་མཛད་གནང་ནུག།
དེ་འབདཝ་ལས་ མགོན་དབང་སྒྲུབ་ཆེན་འདི་ ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ ག་ནི་བ་ རྩ་ཆེ་བའི་ སྒྲུབ་ཆེན་ཅིག་ཨིནམ་ དཔལ་ལྡན་འབྲུག་པའི་ མི་སེར་ཀུན་གྱིས་ ལེགས་ཤོམ་སྦེ་ མཁྱེན་དགོཔ་མ་ཚད་ མི་ཉམས་རྒྱུན་སྐྱོང་འབད་དགོཔ་ཡང་ གལ་ཅན་ཅིག་ཨིན་པས།
མགོན་དབང་སྒྲུབ་ཆེན་འདི་ རང་ཟླ་ ༡ པའི་ཚེས་ ༤ ལུ་ འགྲོལ་གནང་ནི་དང་ ཚེས་ ༥ ལས་ ༨ ཚུན་ སྒྲོམ་མཆོད་གནང་སྟེ་ ཚེས་ ༩ ལུ་ གསེར་སྦྲེང་དང་བཅས་པའི་སྒོ་ལས་ ནོར་བུ་བཤགས་ནི་ཨིནམ་ད་ ཚེས་ ༡༠ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེས་བཅུའི་གར་འཆམ་ཚུ་ མི་དམངས་ལུ་ མཇལ་ཁ་གནང་ནི་ཨིན་པའི་གནས་ཚུལ།




Users Today : 1975
Users Yesterday : 3263
This Month : 15633
This Year : 452626
Total Users : 1164442
Views Today : 5637
Total views : 3187861
Who's Online : 25