
སྤྱི་ཟླ་ ༢ པའི་ཚེས་ ༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞུང་གི་དྲུང་ཆེན་ ༤ དང་ དམག་སྡེའི་འགོ་དཔོན་ ༡༣ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ཡོདཔ་མ་ཚད་ འགོ་དཔོན་གཞན་མི་ ༢ ལུ་ཡང་ བཀབ་ནེ་དང་ དཔའ་རྟགས་གནང་ཡི།
དེ་ཡང་ གསོ་བའི་ལྷན་ཁག་གི་ དྲུང་ཆེན་ངོ་ཚབ་ སྤེན་པ་དབང་ཕྱུག་དང་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་གི་ དྲུང་ཆེན་ངོ་ཚབ་ ཚེ་དབང་སི་རྡོ་རྗེ་ དངུལ་རྩིས་ལྷན་ཁག་གི་ དྲུང་ཆེན་ངོ་ཚབ་ ལས་སྐྱིད་དབང་མོ་ འབྲུག་གཞུང་འཕྲུལ་རིག་ལས་སྡེའི་ དྲུང་ཆེན་ངོ་ཚབ་ འཇིགས་མེད་བསྟན་འཛིན་ཚུ་ རང་སོའི་ལས་སྡེའི་ནང་ དྲུང་ཆེན་སྦེ་ བསྐོ་བཞག་གནང་ནུག།
དྲུང་ཆེན་ངོ་ཚབ་ཚུ་ཡང་ སྤྱི་ལོ་ ༢༠༢༢ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལོ་ངོ་ ༡ གི་རིང་ལུ་ གནས་སྐབས་ཅིག་གི་དོན་ལས་ བསྐོ་བཞག་འབད་བའི་ཤུལ་ལུ་ བྱ་སྒོའི་ལག་ལེན་དང་འཁྲིལ་ཏེ་ དྲུང་ཆེན་སྦེ་ བསྐོ་བཞག་གནང་དགོ་པའི་ རྒྱབ་སྣོན་ངོ་སྦྱོར་ ཕུལ་ཡོདཔ་ཨིན་པས།
དེ་ལས་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ འགོ་དཔོན་ ༣ དང་ རྒྱལ་པོའི་སྐུ་སྲུང་དམག་སྡེའི་ འགོ་དཔོན་ ༣ རྒྱལ་གཞུང་འབྲུག་གི་འགག་སྡེའི་ འགོ་དཔོན་ ༧ ལུ་ དམག་སྲིད་འོགམ་ལས་ དམག་སྲིད་གོང་མའི་ གོ་གནས་ཡར་སེང་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
དེ་བཟུམ་སྦེ་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེའི་ སྲོལ་བཏོད་གཙུག་ལག་སྒྲིག་འཛིན་ སངས་རྒྱས་རྡོ་རྗེ་ལུ་ བཀབ་ནེ་དང་ དཔའ་རྟགས་གནང་ཡོདཔ་ད་ སྤྱི་ལོ་ ༢༠༡༥ ལུ་ མི་དབང་མཆོག་གིས་ བཀའ་ཤོག་གནང་ཐོག་ལས་ ཁྲིམས་ཀྱི་སློབ་སྡེ་ ཕུད་རྡོག་གཅིགཔོ་དེ་ གཞི་བཙུགས་སྐབས་ལུ་ སངས་རྒྱས་རྡོ་རྗེ་གིས་ ལས་འགུལ་མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༡༦ ལུ་ སྲོལ་བཏོད་གཙུག་ལག་སྒྲིག་འཛིན་སྦེ་ བསྐོ་བཞག་གནང་ཡོདཔ་ད་ སྤྱི་ལོ་ ༢༠༡༧ ལུ་ ཁྲིམས་ཀྱི་སློབ་སྡེའི་ སློབ་རིམ་ཚུ་ འགོ་དང་པ་ གཞི་བཙུགས་འབད་ནུག།
དེ་མ་ཚད་ ལམ་སྲོལ་ལས་ཁུངས་ནང་ སྒྲིག་ལམ་མཁས་མཆོག་ འཇིགས་མེད་འོད་ཟེར་ལུ་ཡང་ བཀབ་ནེ་དང་ དཔའ་རྟགས་གནང་ཡོདཔ་ད་ ཁོ་གིས་ ཞི་གཡོག་ནང་ སྤྱི་ལོ་ ༡༩༩༥ ལུ་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༠༨ ལས་ འགོ་བཙུགས་ཏེ་ གསེར་ཁྲི་མངའ་གསོལ་དང་ བརྒྱ་འཁོར་དུས་སྟོན་ རྒྱལ་བཙུན་བཀྲིས་མངའ་གསོལ་ རྒྱལ་ཡོངས་དུས་ཆེན་ཚུ་གིས་གཙོས་པའི་ ག་ནི་བ་ གལ་ཆེ་བའི་ རྒྱལ་ཡོངས་དུས་སྟོན་ཚུ་ནང་ རྟེན་འབྲེལ་བརྩི་སྲུང་སྐབས་ལུ་ འགོ་ཁྲིད་འབད་དེ་ ཕྱག་ཞུ་ནུག།
རྟེན་འབྲེལ་དེ་ནང་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་ཀྱི་སློབ་སྡེའི་གཙོ་འཛིན་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་དང་ བློན་ཆེན་དྲགོས་ཚེ་རིང་སྟོབས་རྒྱས་ རྒྱལ་གཞུང་འབྲུག་གི་དམག་སྡེའི་གཙོ་འཛིན་ གུང་བློན་བ་ཀྲུ་ཚེ་རིང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1393483
Views Today :
Total views : 5000
Who's Online :