འཛམ་གླིང་སྤྱི་ཚོགས་ལས་ ཧ་མཱཛ་སྡེ་ཚན་གྱིས་ ཧམ་འཛུལ་འབད་མི་ལུ་ གདོང་ལེན་འབད་ནི།

རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༩ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ ཨེན་ཊོ་ནི་ཡོ་ གུ་ཊར་རེཛ་གིས་ ཨིཛ་རེལ་ལས་ ཧ་མཱཛ་དྲག་ཐོག་དབང་བཙོང་དམག་སྡེ་གིས་ ཧམ་འཛུལ་འབད་ཡོདཔ་སྦེ་ འཛམ་གླིང་སྤྱི་ཚོགས་ལུ་ སྙན་ཞུ་གསརཔ་ གང་རུང་ཅིག་ འཐོབ་པ་ཅིན་ དེ་འཕྲལ་ལས་ གདོང་ལེན་འབད་ནི་ཨིན་པའི་ ཁས་ལེན་མཛད་ནུག།
དེ་ཡང་ ན་ཧིང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཨིཛ་རེལ་ལུ་ གནོད་འཚུབ་བཀལཝ་ད་ པེ་ལིཛ་ཊིན་ སྐྱབས་བཅོལ་ལས་སྡེའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་བྱེདཔ་ ༡༢ གྲལ་གཏོགས་ཡོད་པའི་ ཁ་ཉེས་བཀལ་མིའི་གྲས་ལས་ ལས་བྱེདཔ་ ༩ བཏོན་བཏང་ཡོད་རུང་ ལྷག་ལུས་ ༣ ངོས་འཛིན་འབད་བའི་བསྒང་ཨིནམ་ད་ ཁོང་ ༣ གྱི་གྲས་ལས་ ༡ ཤི་སོངཔ་ཨིན་པས།
དེ་མ་ཚད་ འཛམ་གླིང་སྤྱི་ཚོགས་ནང་ ཧ་མཱཛ་དྲག་ཐོག་དབང་བཙོང་དམག་སྡེ་ལུ་ རྒྱབ་སྐྱོར་འབད་མི་ཚུ་ཡང་ཡོད་པའི་ ཁ་ཉེས་བཀལ་བའི་ཤུལ་ལས་ པེ་ལིཛ་ཊིན་ སྐྱབས་བཅོལ་སྡེ་ཚན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་མི་ ཡུ་ཨེཛ་གིས་གཙོས་པའི་ རྒྱལ་ཁབ་གཞན་ཚུ་གིས་ མ་དངུལ་འཛིན་གྲོལ་འབད་ནི་དེ་ཡང་ མཚམས་འཇོག་ཐོག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱིས་ ནང་འཁོད་ཞིབ་དཔྱད་ཅིག་ འགོ་བཙུགས་ནུག།
ཨིཛ་རེལ་གྱི་ གསང་བའི་སྙན་ཞུ་ ཤོག་ལྷེབ་ ༦ འབད་མི་ཅིག་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ སྐྱབས་བཅོས་ལས་སྡེའི་ནང་ སློབ་དཔོན་ཚུ་གིས་གཙོས་པའི་ ཧ་མཱཛ་དང་ ཨིཛ་ལ་མིག་ ཇི་ཧཱཌ་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་མི་ ད་རུང་ཡང་ ལས་བྱེདཔ་ ༡༩༠ ཡོདཔ་སྦེ་ བཀོད་ཡོད་རུང་ གནད་དོན་དེ་གི་སྐོར་ལས་ འཛམ་གླིང་སྤྱི་ཚོགས་ལུ་ སྙན་ཞུ་མ་ལྷོདཔ་ཨིན་པས།
ཨིཛ་རེལ་གྱིས་ དེ་བཟུམ་མའི་ སྙན་ཞུ་འབད་མི་ཚུ་ འཛམ་གླིང་སྤྱི་ཚོགས་ཀྱི་ སྐྱབས་བཅོལ་ལས་སྡེའི་ མིང་གཏམ་མེདཔ་བཏང་ཐབས་ལུ་ཨིན་པའི་ ཁ་ཉེས་བཀལ་ནུག།
ད་རེས་ ག་ཟ་ལུ་ སྐྱབས་བཅོལ་ལས་སྡེའི་ནང་ སློབ་དཔོན་དང་ མི་སྡེའི་ཞབས་ཏོག་ དེ་ལས་ མི་སྡེ་ལུ་ གྲོགས་རམ་བྱིན་མི་ ༡༣,༠༠༠ ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: