
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ ར་ཤི་ཡ་གཞུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་པུ་ཊིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ རྒྱ་ཁབ་གཞན་གྱི་ ལས་དོན་ཚུ་ནང་ ཡུ་ཨེཛ་གིས་ ཐེ་གཏོགས་འབད་མི་ལུ་ ངོས་ལེན་མེད་ཟེར་ཨིན་པས།
དེ་ཡང་ ར་ཤི་ཡའི་ སྲིད་འཛིན་ལས་རོགས་ ཡུ་རི་ཨུ་ཤ་ཀོབ་གིས་ སྲིད་འཛིན་ ༢ ཀྱི་བར་ན་ བརྒྱུད་འཕྲིན་ཐོག་ལས་ ཆུ་ཚོད་ ༡ གི་རིང་ལུ་ གསུང་གྲོས་གནང་པའི་ནང་གསལ་ རྒྱལ་ཁབ་གཞན་ཚུ་གི་ ནང་འཁོད་གནད་དོན་ཚུ་ལུ་ ཡུ་ཨེཛ་གིས་ ཐེ་གཏོགས་འབད་མི་ལུ་ ཁ་ཉེས་བཀལ་ཡོདཔ་སྦེ་བཤད་ནུག།
དབུ་ཁྲིད་ ༢ ཀྱིས་ འཛམ་གླིང་ནང་ དྲང་བདེན་རིམ་ལུགས་ གསར་གཏོད་འབད་དགོ་པའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ད་ ཡུ་ཨེཛ་གིས་ ར་ཤི་ཡ་དང་ རྒྱ་ནག་ ༢ དང་གཅིག་ཁར་ ཁ་ཞེ་གཉིས་ལྡན་གྱི་ སྲིད་བྱུས་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ ཧ་གོ་ནུག་ཟེར་ཡང་ བཤད་ཡོདཔ་ཨིན་པས།
འདས་པའི་ལོ་ངོ་ ༢ ལུ་ ར་ཤི་ཡ་དང་ རྒྱ་ནག་གིས་ རྒྱལ་སྤྱིའི་ནང་ ཁོང་གི་ཤན་ཞུགས་ རྒྱ་སྐྱེད་འབད་ཐབས་ཚུ་ སྒྲིག་དོ་ཡོདཔ་ལས་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ ཚ་གྱང་ལང་སྟེ་ རང་སོའི་ཚོང་འབྲེལ་དང་ སྲུང་སྐྱོབ་ཀྱི་ འབྲེལ་བ་ཚུ་ ཡར་སེང་འབད་དོ་ཡོདཔ་སྦེ་བཀོད་ནུག།
ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ དམག་འཁྲུག་འགོ་བཙུགས་པའི་ཤུལ་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ར་ཤི་ཡ་དང་གཅིག་ཁར་ ཚོང་འབྲེལ་ཚུ་ བཀག་དམ་འབད་ཡོདཔ་ལས་ ར་ཤི་ཡ་གིས་ རྒྱ་ནག་དེ་ ཁོང་གི་གནད་འགག་ཅན་གྱི་ དཔལ་འབྱོར་ གྱི་སྲོག་ཐག་བཟུམ་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་ནག་ལུ་ཡང་ ར་ཤི་ཡའི་ ནུས་ཤུགས་ཚུ་ གོང་ཚད་དམའ་ཤོས་སྦེ་ ནང་འདྲེན་འབད་ཚུགསཏེ་ ཁེ་ཕན་བྱུང་ཡོདཔ་ལས་ འདས་པའི་ལོ་ངོ་ ༢ ཀྱི་ནང་ ཁོང་རྒྱལ་ཁབ་ ༢ ཀྱི་བར་ན་ ཚོང་འབྲེལ་ཡར་སེང་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1632
Users Yesterday : 3468
This Month : 22274
This Year : 459267
Total Users : 1171083
Views Today : 2081
Total views : 3196532
Who's Online : 16