
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༢ པའི་ཚེས་ ༨ ལུ་ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ མི་སྡེ་དང་ མཐའ་འཁོར་གནས་སྟངས་ཀྱི་ འགན་ཁུར་ཅོག་འཐདཔ་འབག་མི་ འབྲུག་གི་མཐའ་འཁོར་གནས་སྟངས་ ཉམས་སྲུང་བློ་གཏད་མ་དངུལ་དང་ གསོ་བའི་བློ་གཏད་མ་དངུལ་ དེ་ལས་ ཚེ་ཐེངས་གཅིག་གི་ འབྲུག་ཟེར་མི་ཚུ་གི་ ཡིག་ཚང་གསར་པའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།
རྟེན་འབྲེལ་དེ་ནང་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་དང་ གཞུང་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་ དེ་ལས་ འབྲུག་གི་མཐའ་འཁོར་གནས་སྟངས་ ཉམས་སྲུང་བློ་གཏད་མ་དངུལ་གྱི་ ཧེ་མའི་བཀོད་ཚོགས་ཀྱི་ འཐུས་མི་ཚུ་དང་ ལས་བྱེདཔ་ཚུ་གིས་གཙོས་པའི་ གཞུང་དང་ ཉམས་སྲུང་ལས་སྡེ་ཁག་གི་ སྡེན་ཚན་ཚུ་ལས་ཡང་ གྲལ་གཏོགས་འབད་ནུག།
འབྲུག་གི་མཐའ་འཁོར་གནས་སྟངས་ ཉམས་སྲུང་བློ་གཏད་མ་དངུལ་དེ་ འཛམ་གླིང་ནང་ མཐའ་འཁོར་ཉམས་སྲུང་གི་ བློ་གཏད་མ་དངུལ་དང་པ་ཨིནམ་ང་ དེ་ཡང་ སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ རང་དབང་ཅན་གྱི་ གནང་སྦྱིན་བཟོ་མི་ ལས་ཚོགས་ཅིག་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
བློ་གཏད་མ་དངུལ་དེ་གི་ བཀའ་ཁྲིམས་དེ་ སྤྱི་ལོ་ ༡༩༩༦ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གནང་ཡོདཔ་ད་ བཀའ་ཁྲིམས་དེ་ སྤྱི་ལོ་ ༢༠༢༡ ལུ་ མི་དབང་འབྲུག་རྒྱལ་ལྔ་པ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ བསྐྱར་བཟོ་མཛད་གནང་ནུག།
དེ་ཡང་ འབྲུག་གི་བློ་གཏད་མ་དངུལ་དེ་གིས་ ད་རེས་ཀྱི་ དགོས་མཁོ་དང་ འབྲེལ་ཆགས་ངེས་གཏད་བཟོ་ནི་དང་ མ་འོངས་པའི་ དོ་འགྲན་ཚུ་ བསལ་ནིའི་དོན་ལས་ཨིན་ཟེར་ བཀོད་དེ་ཡོདཔ་ཨིན་པས།
བློ་གཏད་མ་དངུལ་དེ་གིས་ འབྲུག་རྒྱལ་ཁབ་ནང་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ ལས་འགུལ་ཚུ་གི་ རྒྱབ་སྐྱོར་ལུ་ ལོ་བསྟར་བཞིན་དུ་ ཡུ་ཨེཛ་ཌོ་ལར་ས་ཡ་ ༢ དེ་རེ་ གནང་སྦྱིན་སྦེ་ བྱིན་དོ་ཡོདཔ་ད་ བློ་གཏད་མ་དངུལ་དེ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ འབྲུག་རྒྱལ་ཁབ་ནང་ ལས་འགུལ་ཁག་ ༢༤༡ ལྷགཔ་ཅིག་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༣༠ ལྷགཔ་ཅིག་ གནང་སྦྱིན་སྦེ་བྱིན་ནུག།
འབྲུག་གི་བློ་གཏད་མ་དངུལ་དེ་ འབྲུག་རྒྱལ་ཁབ་འདི་ནང་ བདེ་སྒྲིག་རུང་བའི་ མ་དངུལ་ (༢༠༡༨) དང་ སྔོ་ལྗང་གནམ་གཤིས་ མ་དངུལ་ (༢༠༢༠) ལུ་ ཐད་ཀར་གྱི་ གོ་སྐབས་ཡོད་མི་སྦེ་ ངོས་ལེན་གྲུབ་པའི་ རྒྱལ་ཡོངས་ལག་ལེན་འདུས་ཚོགས་ཅིག་ཨིན་པའི་གནས་ཚུལ།




Users Today : 2262
Users Yesterday : 3468
This Month : 22904
This Year : 459897
Total Users : 1171713
Views Today : 2910
Total views : 3197361
Who's Online : 22