
རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ རྒྱ་གར་རྒྱལ་ཁབ་ཀྱི་ སོ་ནམ་ཞིང་པ་ཚུ་གིས་ གཞུང་གི་ཁ་ཐུག་ལས་ སོ་ནམ་ཐོན་སྐྱེད་ཚུ་གི་ གོང་ཚད་མཐོ་སུ་དགོ་པའི་ དགོས་མཁོ་བཀོད་མི་ལུ་ གཞུང་ལས་ ངོས་ལེན་མེད་ནི་དེ་གིས་ སོ་ནམ་ཞིང་པ་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབདཝ་ཨིན་པས།
དེ་ཡང་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་ སྣུམ་འཁོར་ཊག་དང་ འཕུལ་འཁོར་ཚུ་ནང་ བཟའ་འཐུང་དང་ གདན་མལ་ཆ་ཚུ་ བཀལ་ཐོག་ལས་ འགྲུལ་བསྐྱོད་འབད་དེ་ ཉིན་གྲངས་ ༢ སོང་ཡོདཔ་ལས་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ བཀག་ཐབས་ལུ་ སྲུང་སྐྱོབ་དམག་མི་ཚུ་གིས་ མིག་ཆུ་ཐོན་རླུང་ཚུ་ ལག་ལེན་འཐབ་ནུག།
སྤྱི་ཟླ་ ༢ པའི་ཚེས་ ༡༣ ལུ་ སོ་ནམ་ཞིང་པའི་ཚོགས་པ་དང་ གཞུང་གི་བར་ན་ འབྲུ་སྣ་མ་འདྲཝ་ཚུ་གི་ ཉུང་མཐའི་གོང་ཚད་ ཡར་སེང་གི་སྐོར་ལས་ གྲོས་བསྟུན་འབད་བའི་སྐབས་ལུ་ གཞུང་གི་ཁ་ཐུག་ལས་ ཁས་ལེན་འབད་མ་བཏུབ་ཨིན་པས།
དེ་བཟུམ་མའི་ ངོ་རྒོལ་འགྲེམ་སྟོན་འབད་མི་ སོ་ནམ་ཞིང་པ་ཚུ་ མང་ཤོས་ར་ པཱན་ཇབ་དང་ ཧ་རི་ཡ་ན་ མངའ་སྡེ་ཚུ་ལས་ཨིནམ་ད་ ཁོང་ཆ་ཁྱབ་ ནིའུ་དིལླི་ལས་ ཀི་ལོ་མི་ཊར་ ༢༠༠ དེ་ཅིག་གི་ས་ཁར་ བཀག་བཞག་ནུག།
གཞུང་གི་ཁ་ཐུག་ལས་ སོ་ནམ་ཞིང་པ་ཚུ་གིས་ སོ་ནམ་བློན་པོ་ ཨར་ཇུན་མུན་ཌ་དང་གཅིག་ཁར་ བསྟུན་གྲོས་འབད་ནིའི་དོན་ལས་ གདོང་ཁར་ཐོན་དགོཔ་སྦེ་ བཤད་ཡོདཔ་ད་ ན་ཧིང་ཡང་ སོ་ནམ་ཞིང་པ་ཚུ་གིས་ དེ་བཟུམ་མའི་ ངོ་རྒོལ་འགྲེམ་སྟོན་འབད་དེ་ སོ་ནམ་དང་འབྲེལ་བའི་ ཁྲིམས་ལུགས་ཀྱི་ དགོངས་དོན་དག་པ་ཅིག་ར་ ཆ་མེད་བཏང་དགོཔ་ ཐོན་ཡོདཔ་ཨིན་པས།
ངོ་རྒོལ་དེ་ལུ་བརྟེན་ཏེ་ དིལླིའི་ས་མཚམས་བདའ་སྟེ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འཐབ་ནི་མེད་པའི་ གནས་སྟངས་ལུ་ ཐུག་ཡོདཔ་ལས་ དིལླིའི་ས་མཚམས་ཁག་ལུ་ རྩི་ས་དང་ ལྕགས་ཀྱི་ར་བ་ཚུ་ བསྒོར་ཞིནམ་ལས་ སྲུང་སྐྱོབ་དམག་མི་ཚུ་ མིག་ཆུ་ཐོན་རླུང་ཚུ་ འབག་སྟེ་ཡོད་པའི་ཁར་ ཧ་རི་ཡ་ན་ལུ་ མ་བདེན་པའི་གཏམ་དང་ གཏམ་ངན་ཚུ་ བཀག་ཐབས་ལུ་ འགྲུལ་འཕྲིན་གྱི་ ཞབས་ཏོག་ཚུ་ཡང་ བཀག་ཆ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1396208
Views Today :
Total views : 5000
Who's Online :