
རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༡༤ ལུ་ ཨིཛ་རེལ་གྱིས་ ལེ་བ་ནོན་ལྷོ་ཕྱོགས་ཀྱི་ གཡུས་ཚན་ཚུ་ནང་ གནོད་འཚུབ་གར་ལྷོད་བཀལ་ཏེ་ ཞི་བའི་མི་སེར་ ༩ དམར་བསད་འབད་ཡོདཔ་ད་ དེ་ཡང་ ཧེཛ་བོ་ལ་ དམག་སྡེ་གིས་བཏང་མི་ རོ་ཀེཊ་ཅིག་གིས་ ཁོང་གི་དམག་མི་ ༡ དམར་བསད་འབད་མི་ལུ་ གདོང་ལན་འབདཝ་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ཧེཛ་བོ་ལ་ དམག་སྡེ་དང་ ཨིཛ་རེལ་གྱི་ དམག་མི་ཚུ་གི་བར་ན་ ཨིཛ་རེལ་དང་ ལེ་བ་ནོན་གྱི་ ས་མཚམས་ཁར་ དམག་འཁྲུག་ལང་སྟེ་ ཟླཝ་ ༤ ལྷགཔ་ཅིག་ སོང་ཡོདཔ་ད་ མཚོན་ཆ་ཚུ་འབག་མི་ ལེ་བ་ནོན་གྱི་ ཧེཛ་བོ་ལ་དམག་སྡེ་གིས་ པེ་ལིཛ་ཊིན་གྱི་ དྲག་ཐོག་དབང་བཙོང་དམག་སྡེ་ ཧ་མཱཛ་གི་ རྒྱབ་སྐྱོར་ལུ་ རོ་ཀེཊ་ཚུ་ ལག་ལེན་འཐབ་ནུག།
ཞི་བའི་མི་སྡེ་ལུ་ ཤི་རྐྱེན་ཚུ་ཡང་ ཨཱལ་ས་ཝ་ན་ གཡུས་ཚན་ནང་ ཨམ་སྲུ་ ༡ དང་ ཨ་ལོ་ ༢ ན་བ་ཏི་ཟེར་སར་ ཨ་ལོ་ ༢ དང་ ཨམ་སྲུ་ ༣ ཕོ་སྐྱེས་ ༡ དམར་བསད་འབད་བའི་ཁར་ གཞན་མི་ ༧ ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
ཨིཛ་རེལ་གྱི་དམག་སྤྱི་ ཧེར་ཟི་ཧ་ལེ་བི་གིས་ ཧེཛ་བོ་ལ་ལས་ ཨིཛ་རེལ་གྱིས་ རྒྱལ་ཁ་ཐོབ་ཡོད་རུང་ དེ་སྦེ་ རྒྱལ་ཁབ་ཐོབ་ཅི་ཟེར་ དམག་མ་རྐྱབ་པར་ སྡོད་ནི་གི་ དུས་ཚོད་མིན་ཟེར་བཤད་ནུག།
ཨིཛ་རེལ་དང་ ལེ་བ་ནོན་གྱི་ ས་མཚམས་བདའ་སྟེ་ ཕན་ཚུན་གནོད་འཚུབ་བཀལ་མིའི་ནང་ ད་ཚུན་གྱི་བར་ན་ ལེ་བ་ནོན་ལུ་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་མིའི་གྲས་ཁར་ ཧེཛ་བོ་ལའི་ དམག་མི་ ༡༧༠ ལྷགཔ་ཅིག་ཡང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨིཛ་རེལ་གྱི་ དམག་མི་ ༡༢ དང་ ཞི་བའི་མི་སེར་ ༥ ལུ་ ཤི་རྐྱེན་བྱུང་པའི་ཁར་ རྒྱལ་ཁབ་གཉིས་ཆ་རའི་ ས་མཚམས་ཁར་སྡོད་མི་ མི་སེར་སྟོང་ཕྲག་ལས་བཅད་དེ་ ས་གནས་གཞན་ཁར་ སྤོ་འགྱོ་དགོཔ་ ཡང་ ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 3531
Users Yesterday : 3545
This Month : 27718
This Year : 464711
Total Users : 1176527
Views Today : 4854
Total views : 3208963
Who's Online : 37