པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གོངམ་ ༡ དང་ ཏ་ལི་བཱན་གྱི་ གཡིབ་དམག་ ༢ ལུ་ཤི་རྐྱེན།

ཨེ་བི་སི།
སྤྱི་ཟླ་ ༢ པའི་ཚེས་ ༢༧ ལུ་ པ་ཀིཛ་ཏཱན་གྱི་ ཏ་ལི་བཱན་ གཡིབ་དམག་ཚུ་ གཡིབ་སྡོད་སའི་ ས་ཁོངས་ནང་ ཁྲིམས་སྲུང་འགག་སྡེ་གིས་ ཧང་བཅོམ་འབདཝ་ད་ ཀྲོབ་མདའ་ཕན་ཚུན་བརྗེཝ་ལས་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གོངམ་ ༡ དང་ འཛིན་བཟུང་འབད་དགོ་མི་ པ་ཀིཛ་ཏཱན་གྱི་ ཏ་ལི་བཱན་ ༢ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་ཡང་ པ་ཀིཛ་ཏཱན་གྱི་མངའ་སྡེ་ ཁེ་བར་པཱག་ཊུང་ཝའི་ཁྲོམ་སྡེ་ མར་ཌེན་ཟེར་སར་ ཧང་བཅོམ་འབད་བའི་སྐབས་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ དེ་བསྒང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གཞན་ ༢ ལུ་ཡང་ རྨ་སྐྱོན་བྱུང་ནུག།
དེ་སྦེ་ དམར་བསད་འབད་མི་ ཏ་ལི་བཱན་གྱི་ གཡིབ་དམག་ ༢ པོ་དེ་ འཛིན་བཟུང་འབད་དགོཔ་སྦེ་ཡོད་མི་དེ་ཡང་ འདས་པའི་དྲག་ཐོག་དབང་བཙོང་ ལན་ཐེངས་ ༢༠ ལྷགཔ་ཅིག་གི་ནང་ གྲལ་གཏོགས་ཡོདཔ་ལས་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ ངོས་འཛིན་འབད་ཡོདཔ་ཨིན་པས།
གཡིབ་དམག་དེ་ པ་ཀིཛ་ཏཱན་ ཏེ་རིག་ཨི་ ཏ་ལི་བཱན་ཟེར་མི་ལས་ ཁ་དབྱེ་འགྱོ་མི་ སྡེ་ཚན་ཅིག་ཨིན་རུང་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༨ པའི་ནང་ ཡུ་ཨེཛ་དང་ ནེ་ཊོའི་དམག་མི་ཚུ་ ཨཕ་གྷ་ནིཛ་ཏཱན་ལས་ ཐོན་འགྱོ་བའི་ཤུལ་ལུ་ གཞུང་གི་དབང་ཚད་འཕྱོག་མི་ ཨཕ་གྷན་གྱི་ ཏ་ལི་བཱན་དང་གཅིག་ཁར་ མཐུན་འབྲེལ་ཡོད་མི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: