རྒྱ་གར་གྱི་ རྒྱབ་སྐྱོར་ཐོག་ལས་ དཔལ་འབྱོར་ལྷན་ཐབས་ཀྱི་ མ་དངུལ་ཐེར་འབུམ་ ༡༥ གཞི་བཙུགས་འབད་ནི།

རྒྱལ་ཁབ་ནང་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་ཐོག་ལས་ དཔལ་འབྱོར་ལྷན་ཐབས་ཀྱི་ མ་དངུལ་ཐེར་འབུམ་ ༡༥ གཞི་བཙུགས་འབད་ནི་ལུ་ གྲ་སྒྲིག་སོང་ཡོདཔ་སྦེ་ སྤྱི་ཟླ་ ༢ པའི་ཚེས་ ༢༩ ལུ་ སྤྱི་ཚོགས་བཞི་པའི་ གཞུང་དབུ་བརྙེས་ཏེ་ ཟླ་ངོ་ ༡ ལངམ་དང་འབྲེལ་ཏེ་ གནས་ཚུལ་་ཞལ་འཛོམས་ འགོ་དང་པ་ འཚོགས་པའི་སྐབས་ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་གསུངས་ཡི།
དེ་ཡང་ དཔལ་འབྱོར་ལྷན་ཐབས་ཀྱི་ འཆར་གཞི་དེ་ དོན་སྨིན་ཅན་དང་ ལག་ལེན་ངེས་བརྟན་བཟོ་ཐབས་ལུ་ ཐབས་ལམ་དང་ ལག་ལེན་ལྟ་རྟོག་གི་དོན་ལས་ དམིགས་བསལ་གྱི་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཚོགས་ཆུང་དེ་གིས་ མ་དངུལ་འཚོལ་ཞིབ་དང་ བགོ་བསཀྲམ་གྱི་ བཀོད་རིས་ཚུ་ བཟོ་ཚར་ཡོདཔ་ལས་ ཤུལ་མའི་ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ནང་ གསུང་གྲོས་གནང་འོང་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ དཔལ་འབྱོར་ལྷན་ཐབས་ཀྱི་ མ་དངུལ་དེ་ དངུལ་ཁང་ཚུ་ནང་བཙུགས་ཏེ་ སྐྱིན་འགྲུལ་ཕར་འགྱངས་ཐོག་ལུ་ ཕྱི་དངུལ་གསོག་འཇོག་ རྒྱུན་སྐྱོང་འཐབ་སྟེ་ བདེ་སྲུང་རིག་རྩལ་སྦྱོང་བརྡར་དང་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ཚུ་ནང་ བཙུགས་ཞིནམ་ལས་ གོང་འཕེལ་གཏང་ནི་གི་ ལས་རིམ་ཡོདཔ་མ་ཚད་ ཕྱིར་ཚོང་དང་འབྲེལ་བའི་ ནང་འདྲེན་ཚབ་བཙུགས་ ཚོང་ལས་དང་ ཨམ་སྲུ་དང་ ན་གཞོན་ཚོང་འབྲེལ་ བཟོ་གྲྭ་ དེ་བཟུམ་སྦེ་ གློག་བརྙན་དང་ བཟོ་སྐྲུན་ བརྡ་དོན་འཕྲུལ་རིག་ དེ་ལས་ བལྟ་བཤལ་ཚུ་ གོང་འཕེལ་གཏང་ནི་ལུ་ཡང་ ལྷན་ཐབས་འབད་ཚུགས་ནི་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ དེ་བཟུམ་མའི་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་ཐོག་ལས་ སྐྱིན་འགྲུལ་བྱིནམ་ད་ སྐྱིན་འགྲུལ་ལ་ལོ་ཅིག་ལུ་ སྐྱེད་མི་ཕོག་ནི་དང་ ལ་ལོ་ཅིག་ལུ་ སྐྱེད་ཕབ་ཆག་སྦེ་ འཐོབ་ནི་ཨིནམ་ལས་ ཁེ་ཕན་སྦོམ་སྦེ་ར་ འབྱུང་འོང་ཟེར་གསུངས་ཡི།
ག་དེ་སྦེ་ཨིན་རུང་ དཕལ་འབྱོར་ལྷན་ཐབས་ཀྱི་ མ་དངུལ་དེ་གི་སྐོར་ལས་ རྒྱ་གར་གཞུང་དང་ གསུང་གྲོས་གནང་བཞིན་དུ་ཡོདཔ་ལས་ མཐའ་བཅད་བདེ་སྒྲིག་དེ་ རྒྱ་འབྲུག་གི་ བློན་ཆེན་ ༢ མཇལ་ཕྲད་སྐབས་ལུ་ མཛད་ནི་ཨིན་པའི་གནས་ཚུལ།

Please follow and like us: