
སྤྱི་ཟླ་ ༣ པའི་ཚེས་ ༩ ལུ་ ཞི་གཡོགཔ་ཚུ་གི་ འཕྲོད་བསྟེན་དང་ བདེ་ཉམས་གོང་འཕེལ་གཏང་ཐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་གི་དོན་ལས་ བང་རྒྱུག་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག།
དེ་ཡང་ ཞི་གཡོགཔ་ཚུ་ལུ་ གལ་ཆེ་བའི་ གཟུགས་ཁམས་དང་ སེམས་ཁམས་གཉིས་ཆ་ར་་ འཕྲོད་བསྟེན་ཅན་གྱི་ འཚོ་བའི་གནས་སྟངས་ འགྲུབ་ཐབས་ལུ་ཨིནམ་ད་ དེ་བཟུམ་མའི་ ལས་རིམ་ལུ་བརྟེན་ཏེ་ གྲལ་གཏོགས་འབད་མི་ཚུ་གི་བར་ན་ མཉམ་འབྲེལ་གོང་འཕེལ་ཡང་ གཏང་ཚུགས་ནི་ཨིན་པས།
ཅང་གླིང་མའི་ཐང་ལས་ འགོ་བཙུགས་མི་དང་ མཇུག་བསྡུ་མི་དེ་ བང་རྒྱུགས་དེ་ནང་ གྲལ་གཏོགས་འབད་མི་ཚུ་ དབྱེ་ཁག་ ༣ ལུ་ ཁ་ཕྱེ་ཡོདཔ་ད་ དེ་ཡང་ དབྱེ་ཁག་ ༡ པའི་ནང་ ཕོ་སྐྱེས་སྐྱེས་ལོ་ ༥༥ ཡན་ཆད་འབད་མི་ལུ་ ཀི་ལོ་མི་ཊར་ ༡༠ དང་ དབྱེ་ཁག་ ༢ པའི་ནང་ ཕོ་སྐྱེས་སྐྱེས་ལོ་ ༥༤ མན་ཆད་འབད་མི་ལུ་ ཀི་ལོ་མི་ཊར་ ༡༥ དེ་ལས་ དབྱེ་ཁག་ ༣ པའི་ནང་ ཨམ་སྲུ་ཚུ་གི་དོན་ལས་ ཀི་ལོ་མི་ཊར་ ༡༠ གི་ བང་རྒྱུག་འགྲན་བསྡུར་ འགོ་འདྲེན་འཐབ་ནུག།
ལས་རིམ་དེ་ནང་ སྐུ་མགྲོན་གཙོ་བོ་ གསོ་བའི་བློན་པོ་གིས་གཙོས་པའི་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་སྐུ་ཚབ་ ཌོག་ཊར་བྷུ་པེན་ད་ར་ ཀ་འུར་ཨའུ་ལག་ ཆེ་མཐོའི་འགོ་དཔོན་ཚུ་ བྱོན་ཡོདཔ་ཨིན་པས།
བང་རྒྱུག་ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ ཞི་གཡོགཔ་ ༤༠༨ ཀྱི་གྲས་ཁར་ ཨམ་སྲུ་ ༡༧༦ ལས་ སྐྱེས་ལོ་ ༥༥ ཡན་ཆད་འབད་མི་ ༢༡ གིས་ གྲལ་གཏོགས་འབད་ནུག།
ལས་རིམ་དེ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་དང་ གསོ་བའི་ལྷན་ཁག་ འབྲུག་རྒྱལ་ཡོངས་དངུལ་ཁང་ བཀྲིས་མངར་ཆུ་ཚོང་སྡེ་ དེ་ལས་ རྒྱལ་ཡོངས་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ཚུ་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ གཙོ་བསྟེན་སྨན་ཁང་ འབྲུག་ཨོ་ལིམ་པིག་ཚོགས་པ་ འབྲུག་གི་སྒྲིག་ཡངས་ལུས་རྩལ་ཚོགས་པ་ འབྲུག་རྐང་རིལ་ཚོགས་པ་ རྒྱལ་ཡོངས་ཚོགས་འདུའི་ཡིག་ཚང་ རྒྱལ་གཞུང་འཛིན་སྐྱོང་སྤེལ་ཁང་ དེ་ལས་ རྒྱལ་ཡོངས་མཁོ་སྒྲུབ་དང་གཞུང་ཆས་ལས་ཁུངས་ཚུ་གིས་ཡང་ རྒྱབ་སྐྱོར་འབད་ཐོག་ལས་ མཐར་འཁྱོལ་ཅན་ཅིག་སྦེ་ ལག་ལེན་འཐབ་ཡོད་པའི་གནས་ཚུལ།



Users Today :
Users Yesterday :
This Month :
This Year :
Total Users : 1393331
Views Today :
Total views : 5000
Who's Online :