སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དད་ལྡན་མི་སེར་ཡོངས་ལུ་ བླ་མ་དགོངས་པ་འདུས་པའི་ དབང་ལུང་ཁྲིད་ ༣ གནང་ནི།

གནམ་ལོ་ཤིང་འབྲུག་ཟླཝ་ ༢ པའི་ཚེས་ ༡ སྤྱི་ཟླ་ ༣ པའི་ཚེས་ ༡༡ ལས་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ རྗེ་མཁན་ཁྲིརབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དད་ལྡན་མི་སེར་ཡོངས་ལུ་ གཏེར་བཏོན་སངས་རྒྱས་གླིང་པའི་གཏེར་ཆོས་ བླ་མ་དགོངས་པ་འདུས་པའི་ དབང་ལུང་ཁྲིད་ ༣ གནང་ནི་ཨིན་པས།
དེ་ཡང་ ལྷུན་རྩེ་རྫོང་ཁག་ ཨའུ་མཚོ་སློབ་གྲྭ་ལྟེ་བའི་ རྩེད་ཐང་ནང་སྦེ་ བདུན་ཕྲག་ ༢ ལྷགཔ་ཅིག་གི་རིང་ལུ་ གནང་ནི་ཨིནམ་བཞིན་དུ་ རང་ཟླ་ ༡ པའི་ཚེས་ ༣༠ སྤྱི་ཟླ་ ༣ པའི་ཚེས་ ༡༠ ལུ་ མངོན་རྟོགས་འཕྲིན་བཅོལ་གྱི་ ཚོགས་འཁོར་གནངམ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ དེ་བཟུམ་མའི་ བླ་མ་དགོངས་པ་འདུས་པའི་ དབང་ལུང་ཁྲིད་ ༣ དད་ལྡན་མི་སེར་ཡོངས་ལུ་ གནང་མི་འདི་ འགོ་དང་པ་ཨིན་པའི་ཁར་ བླམ་སློབ་དཔོན་དང་ དགེ་སློང་ཚུ་ལུ་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མི་ལོ་ ༣༠ གི་ཤུལ་ལས་ གནངམ་ཨིན་ཟེར་ ལྷུན་རྩེ་རབ་སྡེའི་ བླམ་གནས་བརྟན་མཆོག་གིས་ གསུངསམ་ཨིན་པས།
སྙིགས་དུས་འགྲོ་བའི་སྐྱབས་གཅིག་ ཨོ་རྒྱན་རིན་པོ་ཆེ་མཆོག་གི་ སྐུའི་རྒྱལ་ཚབ་ གཏེར་བཏོན་སངས་རྒྱས་གླིང་པའི་གཏེར་ཆོས་ བླ་མ་དགོངས་པ་འདུས་པའི་ ཆོས་སྐོར་པོ་ཏི་ ༡༣ ཡོད་མི་འདི་ བཀའ་འབབ་ཀྱི་ཆོས་བདག་ སྐྱབས་མགོན་ངག་དབང་རྣམ་རྒྱལ་ཞབས་ལས་བརྒྱུད་པའི་ བབ་སོ་རྒྱུན་མ་ཆད་པར་ སྲིད་མཐའི་བར་དུ་ བཞུགས་མི་འདི་ རྒྱལ་ཁམས་ཀྱི་ མིང་དོན་མཐུན་པའི་ཁར་ ཁམས་གསུམ་འཁོར་བའི་ སེམས་ཅན་ག་ར་ལུ་ ཚེ་འདི་ཕྱི་བར་དོ་གསུམ་ལུ་ ཕན་པ་རྒྱ་ཆེར་ འཐོབ་ཐབས་ལུ་ཨིན་ཟེར་ དབང་ལུང་ཚོགས་ཆུང་གི་ གསལ་བསྒྲགས་ཅིག་ནང་བཀོད་ནུག།
ང་བཅས་རའི་ རྒྱལ་ཁབ་ཀྱི་ རྫོང་གཞི་ཚུ་དང་ དགོན་སྡེ་ཁག་སོ་སོར་ གནང་སྲོལ་ཡོད་མི་ ཚེས་བཅུའི་ཆོག་ག་དང་ གཤིན་གསོན་གྱི་དོན་ལས་ དགོངས་འདུས་བསྐང་བཤགས་ཟེར་ གནང་མི་ཚུ་ག་ར་ གཏེར་ཆོས་འདི་གི་ནང་གསེས་ལས་ཨིན་ཟེར་ ལྷུན་རྩེ་རབ་སྡེའི་ བླམ་གནས་བརྟན་མཆོག་གིས་ གསུངསམ་ཨིན་པས།
སྐྱབས་རྗེ་མཆོག་གིས་ བླ་མ་དགོངས་པ་འདུས་པའི་ དབང་ལུང་ཁྲིད་ ༣ གནང་པའི་ དུས་ཡུན་དེ་ནང་ བཀའ་ཁྲིད་ཞུ་མི་ དད་ལྡན་མི་སེར་ཡོངས་ལུ་ དྲོ་པའི་གསོལ་ཇ་ལས་ འགོ་བཙུགས་ཏེ་ ཉིན་མའི་གསོལཝ་དང་ ཕྱི་རོའི་ཚོགས་དེ་ཚུ་ག་ར་ དབང་ལུང་ཚོགས་ཆུང་གིས་ འགོ་འདྲེན་ཐོག་ལས་ གནངམ་ཨིན་པའི་གནས་ཚུལ།

Please follow and like us: