སྲིད་འཛིན་པུ་ཊིན་གྱིས་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་དང་ རྡུལ་ཕྲན་

རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༡༢ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ལུ་ ཉེན་བརྡ་འབད་མིའི་ནང་ གལ་སྲིད་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ དམག་མི་ཚུ་ གཏང་པ་ཅིན་ ར་ཤི་ཡ་དང་གཅིག་ཁར་ མ་འགྲིག་པའི་ གནས་ཚད་དེ་ སྔར་བ་ལྷག་སྟེ་ ཚབས་ཅན་ཅིག་ལུ་ འགྱུར་ནི་ཨིནམ་ལས་ ར་ཤི་ཡ་གིས་ རྡུལ་ཕྲན་ནུས་ཤུགས་ཀྱི་ཐོག་ལས་ ཕྱད་མདའ་རྐྱབ་ནི་ལུ་ གྲ་འགྲིག་ཡོད་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༥ ལས་ ༡༧ གྱི་བར་ན་ ར་ཤི་ཡ་ལུ་ སྲིད་འཛིན་གྱི་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཉིན་གྲངས་དག་པ་ཅིག་གི་ སྔ་གོང་ལས་ ཉེན་བརྡ་འབད་ཡོདཔ་ད་ ད་རེས་ཀྱི་ བཙག་འཐུའི་ནང་ལས་ཡང་ པུ་ཊིན་གྱིས་ རྒྱལ་ཁ་ཐོབ་སྟེ་ ད་རུང་ཡང་ ལོ་ངོ་ ༦ གི་རིང་ལུ་ སྲིད་འཛིན་གྱི་ གོ་གནས་འཆང་ནི་ ངེས་གཏན་ཨིན་པས།
ཁོ་གིས་འབད་བ་ཅིན་ ར་ཤི་ཡའི་ ས་ཁོངས་དང་ ཡུ་ཀེ་རེན་ལུ་ ཡུ་ཨེཛ་གིས་ དམག་མི་ཚུ་ གཏང་པ་ཅིན་ བར་འཛུལ་གྱི་གྲངས་སུ་ བརྩི་ནི་ཨིན་མི་དེ་ཡང་ ཡུ་ཨེཛ་ཁོང་རང་གིས་ ཤེས་ཟེར་ཨིན་པས།
པུ་ཊིན་གྱིས་ དེ་བཟུམ་མའི་ ཉེན་བརྡ་དང་གཅིག་ཁར་ ཡུ་རོབ་ཀྱི་ སྲུང་སྐྱོབ་བཅད་མཚམས་ཚུ་དང་འབྲེལ་ཏེ་ ཡུ་ཀེ་རེན་གྱི་སྐོར་ལས་ གསུང་གྲོས་གནང་དགོ་པའི་ དགོས་མཁོ་བཀོད་ཡོད་རུང་ ཡུ་ཨེཛ་གིས་འབད་བ་ཅིན་ པུ་ཊིན་གྱིས་ ཡུ་ཀེ་རེན་གྱི་སྐོར་ལས་ གསུང་གྲོས་གནང་ནི་ལུ་ གྲ་འགྲིག་མིན་འདུག་ཟེར་ཨིན་པས།
ཡུ་ཀེརེ་ན་དང་གཅིག་ཁར་ དམག་འཁྲུག་ལང་མི་དེ་གིས་ ར་ཤི་ཡ་དང་ འཛམ་གླིང་ནུབ་ཕྱོགས་ཀྱི་བར་ན་ དཀའ་ངལ་ཚབས་ཆེན་ འཐོན་ཏེ་ཡོདཔ་ད་ པུ་ཊིན་གྱི་ཧོངས་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ དམག་མི་ཚུ་གཏང་པ་ཅིན་ རྡུལ་ཕྲན་ནུས་ཤུགས་ཐོག་ལས་ དམག་འཁྲུག་ལང་དགོཔ་ འཐོན་ནི་ཨིན་པའི་སྐོར་ལས་ ཉེན་བརྡ་ཡང་བསྐྱར་འབད་ནུག།
ད་རེས་ ཡུ་ཨེཛ་ལུ་ཡང་ སྲིད་འཛིན་བཙག་འཐུའི་ དུས་སྐབས་འབདཝ་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་བྱིན་ནི་ལུ་ དཀའ་ངལ་འཐོན་ཏེ་ཡོདཔ་ད་ ཡུ་ཀེ་རེན་གྱི་ས་ཁོངས་ ལྔ་དཔྱ་ ༡ དེ་ཅིག་ ར་ཤི་ཡའི་ ལག་པར་ཚུད་དེ་ཡོདཔ་ཨིན་པས།
ཡུ་ཀེ་རེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དབང་བཙོང་ཐོག་གི་ ཕྱད་མདའི་ནང་ ཁོང་གི་ཁ་ཐུག་ལས་ ཉེན་སྲུང་ཚུ་འབད་དེ་ར་ཡོད་རུང་ ར་ཤི་ཡ་གིས་ ཁོང་གི་རྒྱལ་ཡོངས་ངོ་རྟགས་དེ་ མེདཔ་གཏང་ནི་ལུ་ དམིགས་གཏད་བསྐྱེདཔ་མས་ཟེར་ཨིནམ་ད་ ར་ཤི་ཡ་གིས་ ད་ཚུན་གྱི་བར་ན་ ཁོང་གི་ལག་པར་ཚུད་མི་ ཡུ་ཀེ་རེན་གྱི་ ས་ཁོངས་ཚུ་ ད་ལས་ཕར་ ར་ཤི་ཡའི་ཁོངས་སུ་ཨིན་ཟེར་ བཤདཔ་ཨིན་པས།
མ་གཞི་ ར་ཤི་ཡའི་ རྡུལ་ཕྲན་ནུས་ཤུགས་ཀྱི་ གནས་སྟངས་ལུ་ འགྱུར་བ་སྦོམ་ཅིག་ ག་ནི་ཡང་ མ་མཐོང་རུང་ པུ་ཊིན་གྱིས་ ཉེན་བརྡ་ཡང་བསྐྱར་འབདཝ་ལས་ ཝ་ཤིང་ཊཱོན་ལུ་ཡང་ ཚ་གྱང་ལང་དགོཔ་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: