རྒྱ་པཱན་གྱི་ སྒེར་སྡེའི་འཕྲུལ་སྐར་ ཀ་ཡེ་རོཛ་ཟེར་མི་དེ་ གནམ་ཁར་བཏང་ལོང་མེད་པར་ གས་རྐྱེན་བྱུང་ཡོདཔ།

རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ སི་པེཛ་ཝཱན་ཟེར་མི་ རྒྱ་པཱན་གྱི་ སྒེར་སྡེ་ཅིག་གིས་ བཟོ་བསྐྲུན་འབད་མི་ འཕྲུལ་སྐར་ཆུང་ཀུ་ཅིག་ གནམ་ཁར་བཏང་ལོང་མེད་པར་ གས་ཡོདཔ་ད་ སྒེར་སྡེ་དེ་གིས་ འཛམ་གླིང་ལྡིང་སྐོར་རྐྱབ་ནིའི་དོན་ལས་ འཕྲུལ་སྐར་གནམ་ཁར་གཏང་མི་ རྒྱ་པཱན་གྱི་ སྒེར་སྡེ་དང་པ་འབད་ནི་ལུ་ ཀུན་སློང་ཐོག་ལས་ འཕྲུལ་སྐར་དེ་ བཟོ་བསྐྲུན་འབད་ནུག།
སི་པེཛ་ཝཱན་ སྒེར་སྡེ་ལུ་ བྱ་སྟབས་མ་བདེཝ་དེ་ཡང་ ཁོང་གིས་ འཕྲུལ་སྐར་གནམ་ཁར་གཏང་ནི་གི་ དུས་ཚོད་དེ་ རྒྱ་པཱན་ལུ་ རྒྱལ་ཡོངས་སྲུང་སྐྱོབ་གྱི་ གནས་ཚད་ཡར་སེང་ལུ་ རྒྱབ་སྐྱོར་འབད་ནི་དང་ ཚོང་འབྲེལ་གྱི་དོན་ལས་ འཕྲུལ་སྐར་གྱི་ དགོས་མཁོ་སྦོམ་ར་ཡོདཔ་ལས་ འཕྲུལ་སྐར་ལས་སྡེའི་ནང་ གཞུང་སྒེར་གཉིས་ཆ་ར་གིས་ མ་རྩ་གཞི་བཙུགས་ རྒྱ་སྦོམ་སྦེ་ར་འབད་དོ་ཡོདཔ་ལས་ དོ་འགྲན་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ད་རེས་ གས་འགྱོ་མི་ འཕྲུལ་སྐར་རིང་ཚད་མི་ཊར་ ༡༨ འབད་མི་དེ་ མཚོ་གླིང་ཀི་ཡི་ཟེར་ས་ལས་ གནམ་ཁར་བཏངམ་ད་ གས་པའི་སྐབས་ལུ་ འཕྲུལ་སྐར་དེ་གི་ ཆ་ཤས་ཚུ་ ས་ཁར་བུད་ས་དང་ དུ་པ་ཐོན་ས་ དེ་ལས་ མེ་འབར་ས་ཚུ་ ས་གནས་ཀྱི་ བརྙན་ཐུང་ཚུ་ནང་བཙུགས་ནུག།
འཕྲུལ་སྐར་དེ་ ག་ཅི་ལུ་བརྟེན་ཏེ་ གས་ཡོདཔ་ཨིན་ན་ སི་པེཛ་ཝཱན་ སྒེར་སྡེ་གིས་ ཁ་གསལ་སྦེ་ བཤད་ནི་མེད་རུང་ ཁོང་གིས་ གས་རྐྱེན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་ནི་ཨིན་པའི་ ཁས་ལེན་འབད་ཡོདཔ་ཨིན་པས།
འཕྲུལ་སྐར་དེ་ རང་བསྒུལ་ཅན་འབདཝ་ལས་ གནམ་ཁར་བཏང་པའི་སྐབས་ལུ་ ས་ཁར་འཕྲུལ་རིགཔ་ཉུང་སུ་ཅིག་ལས་ མི་དགོ་དོ་ཡོདཔ་ད་ འཕྲུལ་སྐར་གྱི་ལམ་བདའ་སྟེ་ ནོར་འཁྲུལ་ཚུ་ འབྱུང་པའི་སྐབས་ལུ་ཡང་ ཁོ་རང་གིས་ར་ མེདཔ་བཏང་དོ་ཡོད་པའི་ གསལ་བཤད་འབད་ནུག།
འཕྲུལ་སྐར་དེ་གསཔ་ད་ ས་ཁར་སྡོད་མི་ཚུ་ལུ་ ཉེན་ཁ་ཡོད་རུང་ ད་རེས་ཀྱི་ གནས་སྟངས་ནང་ མི་ག་ལུ་ཡང་ གནོད་སྐྱོན་མ་བྱུངམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: