
རྒྱ་པཱན་ལུ་ འབྲུག་གི་གཞུང་ཚབ་ ཝི་རྣམ་རྒྱལ་དང་ འབྲུག་ལུ་ རྒྱ་པཱན་གཞུང་ཚབ་ ཧི་རོ་ཤི་ སུ་ཟུ་ཀི་ ༢ ཀྱིས་ རྒྱ་གར་གྱི་རྒྱལ་ས་ ནིའུ་དིལླི་ལུ་སྦེ་ འབྲུག་གི་མཐའ་ཟུར་ས་གནས་ཚུ་ནང་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་དང་འབྲེལ་བའི་ གནད་དོན་ཚུ་ རྩ་མེད་གཏང་ཐབས་ལུ་ སྐྱེལ་འདྲེན་ལྷན་ཐབས་ཀྱི་ གྲོགས་རམ་ལས་འགུལ་གྱི་ ཆིངས་ཡིག་ཅིག་ལུ་ མཚན་རྟགས་བཀོད་ནུག།
དེ་ཡང་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་མི་ མཐའ་ཟུར་གྱི་ ཨ་ལོ་ཚུ་དང་ ན་གཞོན་ཚུ་གི་ ཕན་བདེ་ལེགས་སྒྱུར་གྱི་དོན་ལས་ གཞུང་མིན་ལས་ཚོགས་ ན་གཞོན་ལམ་སྟོན་ལུ་ རྒྱ་པཱན་གཞུང་གིས་ བཀོལ་སྤྱོད་སྣུམ་འཁོར་ མཁོ་སྒྲུབ་ཀྱི་དོན་ལས་ ཡུ་ཨེཛ་ཌོ་ལར་ ༤༠,༠༠༠ བྱིན་ནི་ཨིན་པས།
རྒྱ་པཱན་གཞུང་གིས་ གཞི་རྩའི་ལས་འགུལ་ཚུ་ལུ་ གྲོགས་རམ་ལས་འཆར་བརྒྱུད་དེ་ མ་དངུལ་ཚུ་ བྱིན་དོ་ཡོདཔ་ད་ ལས་འཆར་དེ་གི་ཐོག་ལས་ རྒྱ་པཱན་གཞུང་གིས་ ས་གནས་གཞུང་དང་ གཞུང་མིན་ལས་ཚོགས་ཚུ་ལུ་ གོང་འཕེལ་ལས་འགུལ་ཚུ་ ལག་ལེན་འཐབ་ནིའི་དོན་ལས་ མ་དངུལ་གྱི་ གྲོགས་རམ་ཚུ་ བྱིན་དོ་ཡོད་པའི་ཁར་ ལས་འཆར་དེ་གི་འོག་ལུ་ འབྲུག་རྒྱལ་ཁབ་ནང་ ལས་འགུལ་གཞན་ཡང་ དག་པ་ཅིག་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།.
དེ་བསྒང་ འབྲུག་གི་གཞུང་ཚབ་ ཝི་རྣམ་རྒྱལ་གྱིས་ རྒྱ་པཱན་གཞུང་གི་ཁ་ཐུག་ལས་ ཤེས་རིག་དང་ སོ་ནམ་ བརྒྱུད་འབྲེལ་ གྲོང་གཡུས་གློག་མེ་བཀྲམ་སྤེལ་ ཟམ་བཟོ་བསྐྲུན་ཚུ་གིས་མ་དོ་བར་ སློབ་ཁང་བཟོ་བསྐྲུན་དང་ སོ་ནམ་ལག་ཆས་མཁོ་སྤྲོད་ མེ་བསད་འཕྲུལ་ཆས་ འགག་སྡེའི་སྣུམ་འཁོར་ ནདཔ་སྐྱེལ་འདྲེན་སྣུམ་འཁོར་ སྨན་བཅོས་མཁོ་ཆས་ལ་སོགས་པ་ཚུ་ལུ་ གཏོང་ཕོད་ཅན་གྱི་ གྲོགས་རམ་སྣ་ཚོགས་བྱིན་མི་ལུ་ བཀྲིན་དགའ་ཚོར་་ཡོད་ལུགས་ཚུ་བཤད་ནུག།
དེ་མ་ཚད་ འབྲུག་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཁྱབ་སྤེལ་སྔོན་འགོག་དང་ དཔལ་འབྱོར་བསྐྱར་གསོའི་དོན་ལུ་ཡང་ རྒྱ་པཱན་གཞུང་གིས་ གཏོང་ཕོད་ཅན་གྱི་ རྒྱབ་སྐྱོར་འབད་མི་ལུ་ཡང་ འབྲུག་གཞུང་གི་ཁ་ཐུག་ལས་ ཧིང་དྭངས་མའི་དཀྱིལ་ལས་ར་ ཡིད་རངས་དང་ དགའ་ཚོར་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ད་ཚུན་གྱི་བར་ན་ རྒྱ་པཱན་གཞུང་གིས་ རྒྱབ་སྐྱོར་འབད་མི་ ལས་འགུལ་ཚུ་གུ་ གྲོགས་རམ་ལས་འཆར་དེ་གིས་ འབྲུག་དང་ རྒྱ་པཱན་རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ མཐུན་ལམ་དང་ གོ་རྟོགས་ དེ་ལས་ མཉམ་འབྲེལ་ཚུ་ ག་ནི་བ་ཡང་ བཙན་ཏོག་ཏོ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ བཤད་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1393053
Views Today :
Total views : 5000
Who's Online :