
སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ ཕྱག་ཞུ་མི་ཚུ་ ནིའུ་དིལླི་ གནམ་གྲུའི་ཐང་ནང་ ཕེབས་པའི་སྐབས་ལུ་ རྒྱ་གར་གཞུང་གི་བློན་པོ་ ཨཱཤ་ཝི་ནི་ཅའོ་བེ་གིས་ ཕེབས་བསུ་ཞུ་ནུག།
དྲགོས་ཚེ་རིང་སྟོབས་རྒྱས་དེ་ སྤྱི་ཟླ་ ༡ པའི་ནང་ བློན་ཆེན་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལས་ ཕྱི་རྒྱལ་ལུ་བྱོན་མི་ རྒྱལ་ཁབ་དང་པ་ཨིནམ་ད་ དེ་ཡང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མགྲོན་བརྡ་ཕུལ་གནང་མི་དང་བསྟུན་ཏེ་ བྱོན་ཡོདཔ་བཞིན་དུ་ སྤྱི་ཟླ་ ༣ པའི་ཚེས་ ༡༤ ལས་ ༡༨ ཚུན་ མི་རྗེ་བློན་ཆེན་མཆོག་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་གནང་ནི་ཨིན་པས།
གཟིགས་སྐོར་སྐབས་ལུ་ མི་རྗེ་བློན་ཆེན་མཆོག་གིས་ རྒྱ་གར་གྱི་སྲིད་འཛིན་ ཨམ་ཌའུ་པ་དི་མུར་མུ་དང་ བློན་ཆེན་ན་རེན་ད་ར་མོ་དི་ དེ་ལས་ རྒྱ་གར་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་འཕྲད་མཛད་དེ་ མོས་མཐུན་གྱི་ མཐའ་དོན་དང་ འབྲུག་ལུ་ རྒྱ་གར་གྱི་ གྲོགས་རམ་ཚུ་གི་སྐོར་ལས་ གསུང་གྲོས་གནང་ནུག།
དེ་ལས་ མི་རྗེ་བློན་ཆེན་མཆོག་ མུམ་བའི་ལུ་བྱོན་ཏེ་ རྒྱ་གར་གྱི་ ཚོང་འབྲེལ་སྡེ་ཚན་ཁག་གི་ འགོ་ཁྲིདཔ་ཚུ་དང་ རྒྱ་གར་གྱི་ བལྟ་བཤལ་ལས་སྡེའི་ ངོ་ཚབ་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
ད་རེས་ཀྱི་ གཟིགས་སྐོར་དེ་ རྒྱ་འབྲུག་ ༢ ཀྱི་བར་ན་ ཡུན་རིང་གནས་ཏེ་ཡོད་མི་ ཕན་ཚུན་ཆེ་མཐོའི་ གཟིགས་སྐོར་དང་འཁྲིལ་ཏེ་ཨིནམ་ལས་ རྒྱ་འབྲུག་ ༢ ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་དམ་ཟབ་ཡོད་མི་དེ་ སྔར་བ་ལྷགཔ་སྦེ་ བཙན་ཐབས་འབྱུང་ནི་ཨིན་པའི་གནས་ཚུལ།




Users Today : 734
Users Yesterday : 1298
This Month : 47138
This Year : 227041
Total Users : 938857
Views Today : 1975
Total views : 2735763
Who's Online : 16