ཨཱཛ་ཊེ་ལི་ཡ་ལུ་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ ནང་བསྐྱོད་ཆོག་ཐམ་གྱི་ སྒྲིག་གཞི་དམ་དྲགས་བཟོ་ནི།

རོའི་ཊརཛ།
ཨཱཛ་ཊེ་ལི་ཡ་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གི་ ནང་བསྐྱོད་ཆོག་ཐམ་གྱི་ སྒྲིག་གཞི་ཚུ་ དམ་དྲགས་བཟོ་ནི་ཨིནམ་ད་ དེ་ཡང་ འཕྲལ་ཁམས་ཀྱི་ གཞུང་འབྲེལ་གནད་སྡུད་དང་འཁྲིལ་བ་ཅིན་ ཕྱི་མི་ནང་བསྐྱོད་ཀྱི་ ཚད་གཞི་དེ་ མཐོ་དྲགས་ཅིག་ལུ་ གྱུར་ཡོདཔ་ལས་ སྡོད་ཁྱིམ་་གླར་སྤྱོད་ཀྱི་ ཚོང་ལམ་ལུ་ དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིན་པས།
སྒྲིག་གཞི་དེ་ཡང་ སློབ་ཕྲུག་དང་ མཐོ་རིམ་སློབ་གྲྭའི་དོན་ལུ་ ཨིང་ལིཤ་གི་ ཤེས་ཚད་དེ་ ཡར་སེང་འབད་ནི་དང་ སྒྲིག་གཞི་ལས་འགལ་བའི་ ལཱ་བྱ་ཡང་བསྐྱར་འཐབ་མི་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་གང་རུང་ ཤེས་ཡོན་སྤེལ་ཁང་ཚུ་ལས་ གཞུང་གིས་ མཚམས་འཇོག་འབད་ནི་ཚུ་ལུ་བརྟེན་ཏེ་ ཕྱི་མི་ནང་བསྐྱོད་ཀྱི་ ཚད་གཞི་དེ་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་སྤྱིའི་སློབ་ཕྲུག་ མང་ཤོས་ཅིག་ གཙོ་བོ་ལཱ་འབད་ནི་ལུ་དམིགས་ཏེ་ ཨཱཛ་ཊེ་ལི་ཡ་ལུ་ འགྱོ་དོ་ཡོདཔ་ལས་ སྒྲིག་གཞི་དེ་ནང་ སློབ་ཕྲུག་ངོ་མ་ཨིནམ་ ངེས་གཏན་གྱི་ བརྟག་ཞིབ་ཅིག་ཡང་ ངོ་སྤྲོད་འབད་དེ་ཡོད་པའི་ཁར་ དུས་ཡུན་འཐེབ་ སྡོད་མི་ཆོག་ཟེར་བའི་ གནས་ཚིག་ཚུ་ཡང་ བཀོད་དེ་ཡོདཔ་ཨིན་པས།
སྒྲིག་གཞི་དེ་ཚུ་ ཧེ་མ་ ཀོ་ཝིཌ་ལུ་བརྟེན་པའི་ དཀའ་ངལ་ཚུ་ སེལ་ཐབས་ལུ་ ཧེ་མའི་གཞུང་གིས་ ནང་བསྐྱོད་ཆོག་ཐམ་ཚུ་ གུ་ཡངས་བཏང་མི་དེ་ མཇུག་བསྡུ་ཐབས་ལུ་ཨིནམ་མ་ཚད་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་ལུ་ ཚད་མེད་པའི་ ལཱ་གི་དུས་ཚོད་ བྱིན་ཏེ་ཡོད་མི་དེ་ཡང་ ཆ་མེད་བཏང་ཐབས་ལུ་ཨིན་པས།
ཨཱཛ་ཊེ་ལི་ཡའི་ གཞུང་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་གི་དོན་ལས་ སྒྲིག་གཞི་དམ་དྲགས་བཟོ་མི་ལུ་བརྟེན་ཏེ་ ལོ་ངོ་ ༢ ཀྱི་ ནང་འཁོད་ལུ་ ཕྱི་མི་ནང་བསྐྱོད་ཀྱི་ ཚད་གཞི་ཕྱེད་ཀ་དེ་ཅིག་ མར་ཕབ་འབད་ཚུགས་ནི་མས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: