ལྷོ་ཕྱོགས་རྒྱ་ནག་གི་ རྒྱ་མཚོའི་ནང་ ཉེན་ཁ་ཡོདཔ་ལས་ ཏཱ་ཡེ་ཝཱན་གྱིས་ སྲིད་འཛིན་གྱི་ གཟིགས་སྐོར་བཀག་དམ།

རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ ཏཱ་ཡེ་ཝཱན་གྱི་ སྲུང་སྐྱོབ་འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་སྲིད་འཛིན་ ཨམ་ཙ་ཡེ་ཨིང་ཝེན་དེ་ ལྷོ་ཕྱོགས་རྒྱ་ནག་གི་ རྒྱ་མཚོའི་ནང་ གནས་སྐབས་ཅིག་ གཟིགས་སྐོར་ལུ་ མ་འབྱོན་པ་ཅིན་ དྲག་འོང་ཟེར་ཨིན་པས།
དེ་ཡང་ རྒྱ་མཚོ་དེ་ནང་ རྒྱ་ནག་གི་ དྲག་པོའི་དམག་མི་ཚུ་ཡོད་པའི་ཁར་ འབྲེལ་ཡོད་རྒྱལ་ཁབ་ཚུ་གིས་ཡང་ སྲིད་འཛིན་གྱི་ གནམ་གྲུ་ལུ་ བར་འཛུལ་གྱི་ ཉེན་ཁ་ཡོད་པ་ལུ་བརྟེན་ཏེ་ཨིན་པས།
ཏ་ཡེ་ཝཱན་དང་ རྒྱ་ནག་གཉིས་ཆ་ར་གིས་ ལྷོ་ཕྱོགས་རྒྱ་ནག་གི་ རྒྱ་མཚོའི་ས་ཁོངས་ མང་ཤོས་ཅིག་ལུ་ ཐོབ་བརྗོད་བཀོད་དོ་ཡོདཔ་ད་ ད་རེས་ ཨི་ཏུ་ཨ་བཱ་ཟེར་མི་ མཚོ་གླིང་གཙོ་བོ་དེ་ ཏ་ཡེ་པིང་མཚོ་གླིང་ཟེར་ མིང་འཛིན་ཐོག་ལུ་ ཏ་ཡེ་ཝཱན་གྱི་ བདག་དབང་འབདཝ་ཨིན་པས།
ཨིན་རུང་ གཞུང་སྐྱོང་དང་ ལྡོག་ཕྱོགས་གཉིས་ཆ་རའི་ ཁྲིམས་བཟོའི་འཐུས་མི་ཚུ་གིས་ སྤྱི་ཟླ་ ༥ པའི་ནང་ དགོངས་ཞུ་རན་མི་ སྲིད་འཛིན་ཙ་ཡེ་གིས་ ཏཱ་ཡེ་ཝཱན་གྱི་ རང་དབང་འགྲེམ་སྟོན་གྱི་དོན་ལས་ ཨི་ཏུ་ཨ་བཱ་ལུ་བྱོན་ཏེ་ གྲུ་ཟིང་བཞག་སའི་ས་ཁོངས་ ཉམས་གསོ་འབད་མི་ལུ་ གཟིགས་ཞིབ་གནང་དགོ་པའི་ ནན་སྐུལ་འབདཝ་ཨིན་པས།
དེ་སྦེ་ ནན་སྐུལ་འབད་མི་དེ་ཡང་ མོ་གི་ཧེ་མའི་སྲིད་འཛིན་ ༢ ཆ་ར་གིས་ མཚོ་གླིང་དེ་ནང་ གཟིགས་སྐོར་གནང་ཡོད་རུང་ སྲིད་འཛིན་ཙ་ཡེ་གིས་ ད་ཚུན་གྱི་རིང་ལུ་ མཚོ་གླིང་དེ་ནང་ གཟིགས་སྐོར་མ་གནང་ནི་དེ་གིས་ཨིན་པས།
རྒྱ་ནག་གིས་ ཨི་ཏུ་ཨ་བཱ་མཚོ་གླིང་གི་ ཉེ་འདབས་ལུ་ཡོད་མི་ ས་ཁོངས་ཚུ་དང་ མཚོ་གླིང་གཞན་ཚུ་ནང་ གནམ་གྲུ་ཆགས་ཐང་དང་ དམག་འཛིང་གི་ མཐུན་རྐྱེན་ཚུ་ བཟོ་བསྐྲུན་འབད་དེ་ཡོདཔ་མ་ཚད་ འཕྲལ་འཕྲལ་སྦེ་ར་ ཡུ་ཨེཛ་གི་ མཚོ་དམག་གྲུ་ཟིང་དང་ གནམ་གྲུ་ཚུ་གི་ ཉེ་འདབས་ལུ་ འགྲུལ་བསྐྱོད་འབད་སར་ མཐོང་པའི་སྐབས་ལུ་ཡང་ ཉོག་བཤད་བཙོངམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: