
སི་ཨེན་ཨེན།
མོང་གོ་ལི་ཡའི་ རྒྱལ་ཁབ་ནང་ དུས་རབས་ཕྱེད་ཀྱི་ནང་ན་ སྤྱི་ལོ་ ༢༠༢༣ གྱི་ གནམ་དགུན་དེ་ ག་ནི་ཡང་ གྱང་ཤུགས་ཆེཝ་ལས་ སྒོ་ནོར་སེམས་ཅན་ ས་ཡ་ ༤.༧ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་བཟུམ་མའི་ གྱང་ཤུགས་ལུ་བརྟེན་ཏེ་ སེམས་ཅན་གྱི་ རྩྭ་ཁ་ཚུ་ ཁཝ་གཏུགས་དྲགས་དང་ ཁྱེགས་ཀྱི་འོག་ལུ་ཚུད་དེ་ སེམས་ཅན་ཚུ་ རྩྭ་ཟ་ནི་མེད་པར་ ཤི་ཡོདཔ་སྦེ་ཨིན་པས།
མོང་གོ་ལི་ཡ་ལུ་ མི་རློབས་ ༣༠༠,༠༠༠ དེ་ཅིག་གི་ བཟའ་འཐུང་དང་ ཚོང་སྒྱུར་ཚུ་ ལ་ནོར་དང་ ར་ ལུག་ རྟ་ཚུ་ལུ་ བརྟེན་དོ་ཡོདཔ་ད་ ཨེ་ཤི་ཡ་དང་ པེ་སི་ཕིག་ རེཌ་ཀོརོཛ་གི་ ལུང་ཕྱོགས་མདོ་ཆེན་གྱིས་ འཚོ་བ་ལ་ནོར་ལུ་ ཧྲིལ་བུར་བརྟེན་མི་ཚུ་ ཟླཝ་དག་པ་ཅིག་གི་ ནང་འཁོད་ལུ་ར་ དབུལ་ཕོངས་ཅན་ཅིག་ལུ་ གྱུར་ཡོདཔ་སྦེ་བཤད་ནུག།
སྤྱི་ཟླ་ ༡༡ པ་ལས་ཚུར་ ད་ཚུན་གྱི་བར་ན་ ལ་ནོར་ལུ་ འཚོ་བ་བརྟེན་སྡོད་མི་ བཟའ་ཚང་ཉུང་ཤོས་ ༢,༢༥༠ གི་ སྒོ་ནོར་བརྒྱ་ཆ་ ༧༠ དེ་རེ་ལུ་ ཤི་རྐྱེན་བྱུང་སྟེ་ བཟའ་ཚང་ ༧,༠༠༠ ལྷགཔ་ཅིག་ལུ་ བཟའ་འཐུང་གིས་ མ་ལང་པར་ཡོད་མི་དེ་ རྒྱལ་ཡོངས་ཀྱི་ གནས་རིམ་ཁར་འབད་བ་ཅིན་ མི་རློབས་བཞི་དཔྱ་ ༣ དེ་ཅིག་ལུ་ དཀའ་ངལ་བྱུང་ཡོདཔ་སྦེ་ཨིན་པས།
མོང་གོ་ལི་ཡ་གཞུང་གིས་ འདས་པའི་ཟླཝ་ནང་ དཀའ་སྡུག་སེལ་ནི་སྦེ་ གསལ་བསྒྲགས་འབད་ཡོད་རུང་ གྲ་སྒྲིག་དེ་ སྤྱི་ཟླ་ ༥ པའི་ཚེས་ ༡༥ ཚུན་ཨིནམ་ལས་ རྒྱལ་སྤྱིའི་རེཌ་ཀོ་རོཛ་ སྲོག་སྐྱབས་སྡེ་ཚན་གྱིས་ མོང་གོ་ལི་ཡའི་ མི་སེར་ཚུ་གི་ དཀའ་སྡུག་སེལ་ཐབས་ལུ་ མ་དངུལ་བསྡུ་སྒྲུབ་ཀྱི་ ནན་སྐུལ་ཅིག་ཡང་ འགོ་འདྲེན་འཐབ་ནུག།
གནམ་དགུན་གྱི་ གྱང་ཤུགས་མཐོ་དྲགས་དེ་གིས་ ལ་ནོར་འཚོ་སྐྱོང་འཐབ་མི་ཚུ་ལུ་ དཔལ་འབྱོར་གྱི་ དཀའ་ངལ་གྱིས་མ་དོ་བར་ གཡུས་ཚན་ཚུ་ནང་ ལམ་འགྲུལ་དང་ ཚོང་འབྲེལ་ དེ་ལས་ གསོ་བ་དང་ ཤེས་རིག་གི་ གོ་སྐབས་ཚུ་ཡང་ མེདཔ་ཐལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1390751
Views Today :
Total views : 5000
Who's Online :