མི་དབང་མཆོག་གིས་ ན་གཞོན་གསེར་གྱི་རྟགས་མའི་ལས་རིམ་ ཐེངས་ ༡༦ པའི་ནང་ བཅའ་མར་གཏོགས་མི་ སློབ་ཕྲུག་ཚུ་དང་ མཇལ་མཛད་ཕྲད།

སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ན་གཞོན་གསེར་གྱི་རྟགས་མའི་ལས་རིམ་ ཐེངས་ ༡༦ པའི་ནང་ བཅའ་མར་གཏོགས་མི་ སློབ་ཕྲུག་ཚུ་དང་ མཇལ་མཛད་ཕྲད་གནང་ནུག། དེ་ཡང་ རྫོང་ཁག་རེ་ལས་ སློབ་ཕྲུག་བུཚུ་ ༢ རེ་དང་ བུམོ་ ༢ རེ་འབདཝ་ད་ རྫོང་ཁག་ ༢༠ ལས་ ན་གཞོན་སློབ་ཕྲུག་ ༨༠ གིས་ སྤྱི་ཟླ་ ༣ པའི་ཚེས་ ༡༧ ལས་ འགོ་བཙུགས་མི་ ན་གཞོན་གསེར་གྱི་རྟགས་མའི་ ལས་རིམ་ནང་ གྲལ་གཏོགས་འབདཝ་ཨིན་པས།
ན་གཞོན་གསེར་གྱི་རྟགས་མའི་ ལས་རིམ་དེ་ ག་ནི་བ་ཡང་ མཐར་འཁྱོལ་ཅན་ཅིག་ལུ་ གྱུར་ཡོདཔ་ད་ དེ་ཡང་ མི་དབང་རྒྱལ་ཡུམ་ ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༢༠༠༥ ལུ་ གཞི་བཙུགས་གནང་ཡོདཔ་ད་ འབྲུག་ན་གཞོན་གོང་འཕེལ་མ་དངུལ་གྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལོ་བསྟར་ན་གཞོན་གསེར་གྱི་རྟགས་མའི་ ལས་རིམ་ཐོག་ལས་ ན་གཞོན་འགོ་ཁྲིདཔ་ཚུ་ གོང་འཕེལ་གཏང་དོ་ཡོདཔ་ད་ ལས་རིམ་དེ་ནང་ གྲལ་གཏོགས་འབད་མི་ཚུ་གི་གྲས་ལས་ རྒྱལ་ཁ་ཐོབ་མི་ ༡ གདམ་འཐུ་འབད་དེ་ འཛམ་གླིང་ནང་ སྐད་གྲགས་ཅན་གྱི་ སློབ་གྲྭ་ཅིག་ནང་ སློབ་གཉེར་གྲོགས་རམ་ བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: