ཡུ་ཀེ་རེན་གྱི་ ས་ཁོངས་ལེ་ཤ་ཅིག་ནང་ ར་ཤི་ཡ་གིས་ གནོད་འཚུབ་བཀལ་ཏེ་ གློག་མེ་མེདཔ་བཏང་ཡོདཔ།

བི་བི་སི།
ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ གློག་མེའི་མཐུན་རྐྱེན་ཚུ་ལུ་དམིགས་ཏེ་ གནོད་འཚུབ་བཀལཝ་ལས་ ཡུ་ཀེ་རེན་གྱི་ ས་ཁོངས་ལེ་ཤ་ཅིག་གི་ནང་ གློག་མེ་མེད་པའི་ དཀའ་ངལ་སྦོམ་ཐོན་ནུག།
དེ་ཡང་ ལུང་ཕྱོགས་འགོ་འཛིན་ ཨོ་ལེག་སི་ནེ་ཧུ་བོབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱི་ ཁྲོམ་ཚོགས་སྦོམ་ཤོས་ ཨང་ ༢ པ་ ཁར་ཀིབ་ལུ་ གུང་གྲངས་ ༥༣,༠༠༠ ལྷགཔ་ཅིག་གི་ནང་ གློག་མེ་མེད་པར་ཡོད་ཟེར་ཨིན་པས།
ཡུ་ཀེ་རེན་གྱི་ ནུས་ཤུགས་བློན་པོ་ ཇར་མེན་ག་ལུཤ་ཅེང་ཀོ་གིས་ ཁོང་གི་རྒྱལ་ཁབ་ཀྱི་ ནུས་ཤུགས་རིམ་ལུགས་དེ་ ར་ཤི་ཡ་གིས་ རྒྱ་ཆེ་ཏོག་ཏོ་སྦེ་ར་ མཐར་འཁྱོལ་མེདཔ་ བཟོ་ནི་གི་ རྩིས་རྐྱབ་དོ་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་མ་ཚད་ ཟ་པོ་རི་ཞི་ཡ་ལུ་ཡོད་མི་ རྡུལ་ཕྲན་འཕྲུལ་ཁང་ལུ་ཡང་ གློག་མེའི་བརྒྱུད་ཐག་ཚུ་ བཏོག་བཏང་ཡོདཔ་སྦེ་བཤད་ནུག།
ཟ་པོ་རི་ཞི་ཡའི་ ལུང་ཕྱོགས་འགོ་འཛིན་ ཨའི་བེན་ཕེ་ཌོ་རོབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་གློག་མེ་འཕྲུལ་ཁང་དེ་ནང་ གློག་མེ་མེདཔ་ འགྱོ་སག་སག་སྦེ་ཡོད་པའི་གུ་ ར་ཤི་ཡ་གིས་ གནོད་འཚུབ་བཀལཝ་ལས་ སྒྲིང་ཁྱིམ་ ༧ གྱི་ནང་ རྩ་བ་ལས་ར་ མེདཔ་བཏང་ཡོདཔ་མ་ཚད་ སྒྲིང་ཁྱིམ་ ༣༥ ལུ་ཡང་ གནོད་སྐྱོན་བྱུང་སྟེ་ཡོད་ཟེར་ཨིན་པས།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཛེ་ལེནཛ་ཀི་གིས་ ར་ཤི་ཡ་གིས་ དམག་འཛིང་གནམ་གྲུ་ཆུང་བ་ ཤ་ཧེཌ་ཟེར་མི་ ༦༠ དང་ མི་ཛ་ཡེལ་ ༩༠ དེ་ཅིག་ ལག་ལེན་འཐབ་སྟེ་ གནོད་འཚུབ་བཀལཝ་ལས་ མི་ ༢ ལུ་ ཤི་རྐྱེན་དང་ གཞན་མི་ ༡༤ ལུ་ རྨ་སྐྱོན་བྱུང་ཡོདཔ་སབེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: