
རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ ནུས་ཤུགས་མཉམ་འབྲེལ་གྱི་ གནས་ཚད་མཐོ་དྲགས་སྦེ་ བཟོ་ནི་གི་ཁས་བླངས།
འབྲུག་དང་ རྒྱ་གར་ ༢ ཀྱི་བར་ན་ གནས་རིམ་ཡོངས་རྫོགས་ནང་ བློ་གཏད་དང་ ལེགས་སྨོན་ མོས་མཐུན་ གོ་དོན་ཚུ་གི་ ཁྱད་ཆོས་ཅན་དང་ མིག་དཔེར་རུང་བའི་ ཟུང་ཕྱོགས་མཐུན་ལམ་ཐོག་ལས་ རྒྱལ་ཁབ་ ༢ ཀྱི་ མི་སེར་ཚུ་གི་བར་ན་ འབྲེལ་བ་དམ་ཟབ་ཡོདཔ་ཨིན།
དེ་ཡང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་དང་ འབྲུག་གི་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱི་བར་ན་ ཐིམ་ཕུ་ལུ་ རྒྱ་ཁྱབ་ཆེ་བའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་སྟེ་ ད་རེས་ཡོད་མི་ ཁྱད་དུ་འཕགས་པའི་ ཟུང་ཕྱོགས་མཉམ་འབྲེལ་དེ་ མ་འོངས་པར་ གནས་ཚད་མཐོ་དྲགས་སྦེ་ བཟོ་ནི་གི་ ཁས་བླངས་མཛད་ནུག།
གཞུང་གི་དབུ་ཁྲིད་ ༢ ཀྱིས་ འབྲུག་ལུ་ ཆུར་བརྟེན་ནུས་ཤུགས་གོང་འཕེལ་ནང་ སྤུས་ཚད་མཐོ་དྲགས་ཅན་གྱི་ མཉམ་འབྲེལ་དང་ ལུང་ཕྱོགས་ནང་ ནུས་ཤུགས་ཀྱི་ ཉེན་སྲུང་གོང་འཕེལ་ལུ་ ཕན་འདེབས་འབད་དགོ་པའི་སྐོར་ལས་ཡང་ གསུང་གྲོས་གནང་ཡོདཔ་ཨིན་པས།
བློན་ཆེན་མོ་དི་གིས་ འབྲུག་ལུ་ ནུས་ཤུགས་ལས་འགུལ་ཚུ་ ཡར་འཕེལ་ཅན་དང་ ལྕོགས་གྲུབ་ཅན་སྦེ་ ལག་ལེན་འཐབ་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ གསུངས་ཡོདཔ་ད་ དེ་བཟུམ་སྦེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ཡང་ བློན་ཆེན་མོ་དི་ལུ་ འཕྲལ་ཁམས་ཀྱི་ འདས་པའི་ལོ་ཚུ་ནང་ རྒྱ་གར་ལུ་ སླར་འབྱུང་ནུས་ཤུགས་ལས་སྡེའི་ནང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ ཡར་འཕར་འགྱོ་མི་དང་ རྒྱལ་སྤྱིའི་ཉི་དྲོད་མཐུན་ཚོགས་དང་ རྒྱ་གར་གྱི་ རྒྱལ་ཡོངས་ཧའི་ཌོ་ཇེན་གྱི་ དམིགས་དོན་ཚུ་ནང་ བློན་ཆེན་མོ་དི་མཆོག་གིས་ དབུ་ཁྲིད་མཛད་མི་ལུ་ བཀྲིས་བདེ་ལེགས་ཡོད་ཟེར་གསུངས་ནུག།
འབྲུག་གི་བློན་ཆེན་དང་ རྒྱ་གར་གྱི་ བློན་ཆེན་ ༢ ཀྱིས་ ཟུང་ཕྱོགས་ནུས་ཤུགས་མཉམ་འབྲེལ་གྱི་ གནད་དོན་ཚུ་ ཡོངས་རྫོགས་སྦེ་ བསྐྱར་ཞིབ་མཛད་དེ་ མཉམ་འབྲེལ་ཐོག་ལུ་ ལག་ལེན་འཐབ་མི་ ནུས་ཤུགས་ལས་འགུལ་ཚུ་ ལེགས་ཤོམ་སྦེ་ར་ ལག་ལེན་འཐབ་བཏུབ་པའི་ གནས་ཚད་ཁར་ཡོད་མི་དེ་གིས་ འབྲུག་གི་དཔལ་འབྱོར་ལུ་ ཕན་ཐོགས་བྱུང་ཡོདཔ་ལས་ ངེས་ཤེས་འདྲོངས་ཡོད་ལུགས་ཚུ་ཡང་ གསུངས་ཡོདཔ་ཨིན་པས།
དེ་མ་ཚད་ མེ་ག་ཝཱཊ་ ༧༢༠ འབད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ མཐར་འཁྱོལ་ལུ་ གཞི་བརྟེན་ཐོག་ལས་ གཞུང་གི་དབུ་ཁྲིད་ ༢ ཀྱིས་ དུས་ཅི་ མེ་ག་ཝཊ་ ༡,༠༢༠ འབད་མི་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ གོ་རིམ་ ༢ པ་གིས་ཡང་ གློག་མེ་བརྒྱུད་སྤེལ་ འགོ་བཙུགས་ཚུགས་པའི་ རེ་འདུན་དང་ མེ་ག་ཝཊ་ ༡,༢༠༠ འབད་མི་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ གོ་རིམ་ ༡ པའི་ཐེད་ལུ་ ཁྱད་རིག་བཙན་པའི་ཁར་ ཟད་འགྲོ་ཆུང་ཀུའི་སྒོ་ལས་ ལག་ལེན་འཐབ་ནི་གི་ མདུན་ལམ་སྐོར་ལས་ཡང་ མཁས་མཆོག་གི་ གནས་ཚད་ཁར་ གསུང་གྲོས་གནང་ནུག།
བློན་ཆེན་ ༢ ཀྱི་བར་ན་ཞལ་འཆམ།
འབྲུག་གི་བློན་ཆེན་དང་ རྒྱ་གར་གྱི་ བློན་ཆེན་གྱི་བར་ན་ ཞལ་འཆམ་བྱུང་མི་ཚུ་ཡང་ རྒྱ་འབྲུག་ ༢ ཀྱི་ ནུས་ཤུགས་མཉམ་འབྲེལ་དེ་གིས་ ནུས་ཤུགས་ཀྱི་ ཉེན་སྲུང་ཡར་དྲགས་དང་ དཔལ་འབྱོར་བཙན་ཐབས་འབད་ནི་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ ཕྱིར་ཚོང་གི་ འབབ་ཁུངས་ཡར་དྲགས་གཏང་ནི་ དེ་ལས་ བཟོ་གྲྭ་དང་ དངུལ་འབྲེལ་གྱི་ ལྕོགས་གྲུབ་གོང་འཕེལ་ཚུ་གི་སྒོ་ལས་ རྒྱལ་ཁབ་གཉིས་ཆ་ར་ལུ་ ཕན་ཐོགས་འབྱུང་ནི་དང།
རྒྱལ་ཁབ་ ༢ ཀྱི་བར་ན་ ནུས་ཤུགས་མཉམ་འབྲེལ་དེ་ གློག་མེ་ཚོང་འབྲེལ་དང་ ཕན་ཚུན་ཁེ་ཕན་ཡོད་པའི་ ནུས་ཤུགས་ལས་འགུལ་གསརཔ་ གོང་འཕེལ་གཏང་ནིའི་ནང་ ཟུང་ཕྱོགས་མཉམ་འབྲེལ་ བཙན་ཐབས་འབད་ནི་ལུ་ སྔོན་ཆད་མ་བྱུང་པའི་ གོ་སྐབས་ཡོདཔ་བཟོ་ནི།
ཆུར་བརྟེན་ནུས་ཤུགས་དང་ ཉི་དྲོད་གློག་མེ་ དེ་ལས་ སླར་འབྱུང་ཅན་གྱི་ ཧའི་ཌོ་ཇེན་ཚུ་གི་ གནད་དོན་ཚུ་ནང་ རྒྱ་གར་གྱི་ འདུས་ཚོགས་ཚུ་གིས་ཡང་ ཐབས་བྱུས་ཅན་གྱི་ མཉམ་འབྲེལ་དང་ ནུས་ཤུགས་ལས་འགུལ་གསརཔ་ཚུ་ནང་ གྲལ་གཏོགས་འབད་ནི།
གཞུང་ ༢ ཀྱི་ ཁ་ཐུག་ལས་ ཆུ་མཛོད་ལུ་བརྟེན་པའི་ ཆུར་བརྟེན་ནུས་ཤུགས་དང་ ལས་འགུལ་གསརཔ་ཚུ་གི་ ལག་ལེན་གྱི་ ཐབས་ལམ་ཚུ་ བསྐྱར་ཞིབ་དང་ མཐའ་བཅད་འབད་ནི།
རྒྱ་གར་གཞུང་གིས་ འབྲུག་གི་ཆུར་བརྟེན་ནུས་ཤུགས་ལས་འགུལ་གསརཔ་ཚུ་གི་དོན་ལུ་ རྒྱ་གར་གྱི་ དངུལ་འབྲེལ་ལས་ཁང་ཚུ་དང་ ཚོང་ལམ་ནང་ལས་ དགོས་མཁོ་ཡོད་པའི་ མ་དངུལ་གྱི་ གོ་སྐབས་ཚུ་ལུ་ ཕན་ཐབས་འབད་ནི།
ལུང་ཕྱོགས་ནང་ ནུས་ཤུགས་ཉེན་སྲུང་ ངེས་གཏན་བཟོ་ཐབས་ལུ་ རྒྱལ་ཁབ་ ༢ ཀྱིས་ འཕྲོ་མཐུད་དེ་ར་ ནུས་ཤུགས་བརྗེ་སོར་ཐོག་ལས་ གལ་ཆེ་བའི་ འགན་ཁུར་འབག་ནི་དང་ འབྲུག་གི་ནུས་ཤུགས་ བཟོ་གཏོན་འབད་མི་ཚུ་གི་དོན་ལས་ ནང་འཁོད་བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ ཞལ་འཆམ་འབྱུང་མིའི་ འགྲིག་ཆ་དང་ སྤྲོད་ལེན་ས་གོ་ཚུ་བརྒྱུད་དེ་ ཚོང་ལམ་གྱི་ གོ་སྐབས་གཏོན་ནིའི་ནང་ ཕན་གྲོགས་འབད་ནི།
ནུས་ཤུགས་ཀྱི་ ཚོང་ལམ་ནང་ འགྱུར་བ་ཚུ་ འཐོན་དོ་ཡོདཔ་ལས་ འབྲུག་ལུ་ ནུས་ཤུགས་ལས་འགུལ་ནང་ མ་རྩ་གཞི་བཙུགས་ཚུ་ བྱ་སྟབས་བདེ་ཏོག་ཏོ་ བཟོ་ནི་དང་ ས་མཚམས་བརྒྱུད་དེ་ གློག་མེའི་ཚོང་འབྲེལ་ ངེས་གཏན་བཟོ་ཐབས་ལུ་ དུས་དང་དུས་ལུ་ གྲོས་བསྟུན་ཚུ་འབད་ནི།
དཔལ་འབྱོར་ཚུ་གི་བར་ན་ ཡར་སེང་ཅན་གྱི་ ནང་གསེས་མཐུད་སྦྲེལ་དང་ ཁེ་གྱོང་འབག་མི་ག་ར་ལུ་ ཁེ་ཕན་གྱི་དོན་ལས་ ལུང་ཕྱོགས་ནང་གསེས་ཀྱི་ མཉམ་འབྲེལ་ཡར་སེང་འབད་ཐབས་ལུ་ ཕྱག་ལཱ་གནང་ནི།
ལྕོགས་གྲུབ་གོང་འཕེལ་དང་ སྲིད་བྱུས་དང་ འཕྲུལ་རིག་གི་སྐོར་ལས་ བརྡ་དོན་བརྗེ་སོར་འབད་ནི་དང་ ཞིབ་འཚོལ་དང་ ནུས་ཤུགས་ཀྱི་ ལྕོགས་གྲུབ་ལུ་ ཕན་ཐོགས་ཆེ་བའི་ འཕྲུལ་རིག་ཚུ་གི་སྒོ་ལས་ ནུས་ཤུགས་ཀྱི་ འཇོན་ཚད་དང་ ནུས་ཤུགས་ཉམས་སྲུང་གི་ གནད་དོན་ཚུ་ལུ་ མཉམ་འབྲེལ་བཙན་ཐབས་འབད་ནི།
འབྲུག་གི་བློན་ཆེན་དང་ རྒྱ་གར་གྱི་ བློན་ཆེན་ ༢ ཀྱིས་ ཕན་ཚུན་ཁེ་ཕན་གྱི་དོན་ལུ་ མཉམ་འབྲེལ་མཐོང་སྣང་བརྗོད་དོན་གུ་ གཞིར་བརྟེན་ཐོག་ལུ་ ལས་འགུལ་དང་ གསར་གཏོད་ལས་དོན་ཚུ་ གང་མགྱོགས་སྦེ་ ལག་ལེན་འཐབ་ནི་ལུ་ཡང་ ཞལ་འཆམ་བྱུང་ཡོད་པའི་གནས་ཚུལ།





Users Today : 1400
Users Yesterday : 1351
This Month : 42959
This Year : 222862
Total Users : 934678
Views Today : 3490
Total views : 2725997
Who's Online : 8