
སྤྱི་ཟླ་ ༣ པའི་ཚེས་ ༢༢ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ དམིགས་བསལ་གྱི་ རྟེན་འབྲེལ་ལས་རིམ་ཅིག་ འགོ་འདྲེན་འཐབ་གནང་མི་དང་འབྲེལ་ཏེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་ལུ་ འབྲུག་གི་གཟེངས་བསྟོད་རྟགས་མ་མཐོ་ཤོས་ མངའ་བདག་དཔལ་གྱི་འཁོར་ལོའི་ རྟགས་མ་གནང་ཡི།
དེ་ཡང་ བློན་ཆེན་མོ་དི་གིས་ རྒྱ་གར་རྒྱལ་ཁབ་ཀྱི་ དབུ་ཁྲིད་དང་ རྒྱ་འབྲུག་ ༢ ཀྱི་ མཐུན་ལམ་བཙན་ཐབས་ལུ་ ཁྱད་དུ་འཕགས་པའི་ བརྩོན་ཤུགས་བསྐྱེད་མི་ལུ་ འབྲུག་པའི་མི་སེར་ཚུ་གི་ ཁ་ཐུག་ལས་ ངལ་རངས་ཡོད་པའི་ བརྡ་མཚོན་ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༤ པའི་ནང་ གསལ་བསྒྲགས་གནང་ཡོདཔ་ཨིན་པས།
དམིགས་བསལ་གྱི་ ལས་རིམ་དེ་ནང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ གཞུང་གི་དཔོན་ཁག་ཚུ་ བྱོན་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་དང་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ཡང་ སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ནུག།
དེ་བསྒང་ འབྲུག་རང་ལུགས་ཟློས་གར་གྱི་ གཟིགས་སྟོན་དང་ བློན་ཆེན་མོ་དི་ལུ་ གུས་བཏུད་ཀྱི་དོན་ལས་ ཞབས་ཁྲའི་ལེའུ་ཚུ་ གསར་བརྩམས་འབད་དེ་ཡོད་མི་ ཧིན་དི་དང་ གུ་ཇ་ར་ཏིའི་ གླུ་གར་ཚུ་ཡང་ སྤྱན་འབུལ་ཞུ་ཡི།
རྟེན་འབྲེལ་ཐང་ནང་ ལས་རིམ་དེ་ འགོ་མ་བཙུགས་པའི་ཧེ་མར་ རྒྱ་གར་གྱི་ བློན་ཆེན་དེ་ ཆིབས་གྲལ་བཙར་ཐོག་ལས་ བཀྲིས་ཆོས་རྫོང་ནང་ གདན་འདྲེན་ཞུ་སྟེ་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་ ཕེབས་པའི་སྐབས་ལུ་ དྲག་ཁག་ ༣ གྱི་ དམག་མི་དང་ བདེ་སྲུངཔ་ཚུ་གིས་ བསྟི་སྭ་ཞུ་བའི་ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་མདུན་ལུ་ བཅར་ཡོདཔ་ཨིན་པས།
བློན་ཆེན་མོ་དི་དེ་ ད་རེས་ འབྲུག་ལུ་ ཉིན་གྲངས་ ༢ ཀྱི་ གཞུང་དོན་གཟིགས་སྐོར་ལུ་ བྱོན་མི་དེ་ ལན་ཐེངས་ ༣ པ་དང་ བློན་ཆེན་དེ་ འབྲུག་རྒྱལ་ཁབ་ནང་ ཕེབས་པའི་སྐབས་ལུ་ རྒྱ་འབྲུག་གི་བར་ན་ མཐུན་ལམ་དམ་ཟབ་ཡོད་པའི་ རྟགས་མཚན་ལུ་ དགའ་སྤྲོའི་ཐོག་ལས་ ཕེབས་བསུ་ཞུ་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1391846
Views Today :
Total views : 5000
Who's Online :