
ད་རིས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་ འབྲུག་ལུ་བྱོན་པའི་ དགའ་སྟོན་རྟེན་འབྲེལ་འདི་ཁར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་ཡོདཔ་མ་ཚད་ འབྲུག་གི་བློན་ཆེན་དང་ གཞུང་གི་དཔོན་ཁག་ཚུ་ དེ་ལས་ ཕྱི་ཁའི་འགོ་དཔོན་ཚུ་དང་ བླ་སློབ་ཚུ་ དྲག་པོའི་དམག་མི་ ཐིམ་ཕུའི་སློབ་ཕྲུག་ཚུ་གེ་ར་ ཁྱད་དུ་འཕགས་པའི་ རྟེན་འབྲེལ་འདི་ཁར་ འཛོམས་མི་འདི་ ག་ནི་བ་ གལ་གནད་ཆེ་བའི་ འབྱུང་རིམ་ཅིག་ཨིན་པའི་ རྟགས་མཚན་ཅིག་ཨིན་ཟེར་ གསུངས་གནང་ཡི།
འཛམ་གླིང་ནང་གི་ མི་རློབས་བརྒྱ་ཆ་ ༡༨ དེ་ཅིག་འབདཝ་ད་ མི་རློབས་ཐེར་འབུམ་ ༡.༤ ཡོད་མི་ རྒྱལ་ཁབ་ཀྱི་ འགོ་ཁྲིདཔ་དང་ རྒྱལ་སྤྱིའི་འགན་ཁུར་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་འབག་མི་ བློན་ཆེན་མོ་དི་དེ་ ང་བཅས་ཀྱི་མགྱོནམ་སྦེ་ འོང་མི་ལུ་ ཧིང་ལས་ར་ དགའ་སྤྲོ་ཡོད་པའི་ཁར་ ད་རེས་ ཁོ་གིས་ འབྲུག་ལུ་ འོང་ནི་སྦེ་ ཐག་བཅད་མི་དེ་ ང་བཅས་རའི་ རྒྱལ་ཁབ་ལུ་ གཏིང་གཟབ་ཀྱི་ རྒྱབ་སྐྱོར་དང་ མཐུན་ལམ་གྱི་ རྟགས་མཚན་སྟོནམ་ཨིན་ཟེར་ གསུངས་གནང་ཡོདཔ་ཨིན་པས།
ང་བཅས་རའི་ རྒྱལ་ཁབ་ཀྱི་དོན་ལུ་ རྒྱ་གར་དང་གཅིག་ཁར་ མཐུན་ལམ་འདི་ ག་ནི་བ་ གལ་ཆེ་མི་དེ་ཡང་ ང་བཅས་ཀྱིས་ རྒྱ་གར་དང་གཅིག་ཁར་ ཡུན་བརྟན་ཅན་གྱི་ མཉམ་འབྲེལ་དེ་ ཕན་ཚུན་བློ་གཏད་དང་ བརྩི་བཀུར་ལུ་ གཞི་བརྟེན་འབད་མི་ ཐུན་མོངས་མ་ཡིན་པའི་ མཉམ་འབྲེལ་ཅིག་ཨིན་ཟེར་ཡང་ གསུངས་གནང་ཡི།
ང་བཅས་ཀྱིས་ རྒྱ་གར་རྒྱལ་ཁབ་ནང་ ག་ཅི་གི་ཐེད་ལས་ཡང་ ཡར་འཕེལ་བྱུང་མི་དང་ རྒྱལ་སྤྱིའི་གནས་རིམ་ནང་ ཡར་སེང་ཅན་གྱི་ ཤན་ཞུགས་དང་ དཔལ་འབྱོར་གྱི་སྒྲིང་གཞི་ མི་སེར་གྱི་ རྒྱུ་སྟོབས་ཚུ་ལུ་ ངལ་རངས་སྦོམ་ཡོད་ཟེར་ཨིན་པས།
བློན་ཆེན་མོ་དི་གི་ འགོ་ཁྲིད་འོག་ལུ་ འདས་པའི་ལོ་ངོ་བཅུ་ཕྲག་ཚུ་ནང་ ཡ་མཚན་ཆེ་བའི་ མཐར་འཁྱོལ་དང་ མ་འོངས་པ་ལུ་ ལོངས་སྤྱོད་ཕུན་སུམ་ཚོགས་པའི་ མདུན་ལམ་བསལ་མི་ རྒྱ་གར་གྱི་ གྲུབ་འབྲས་ཚུ་གིས་ འབྲུག་ལུ་ཡང་ ཁེ་ཕན་བྱུང་དོ་ཡོདཔ་ད་ ཁྱིམས་མཚེས་དང་ མཛའ་གྲོགས་ཅིག་འབདཝ་ལས་ རྒྱ་གར་རྒྱལ་ཁབ་ཀྱི་ གྲུབ་འབྲས་ཚུ་ལུ་ ང་བཅས་ཀྱིས་ དགའ་ཚོར་དང་བཅས་པའི་སྒོ་ལས་ རྒྱ་གར་གྱི་ རེ་འདུན་ཚུ་ འཕྲོ་མཐུད་དེ་ར་ མཐར་འཁྱོལ་ཅན་སྦེ་ འགྲུབ་ཚུགས་པའི་ སྨོན་ལམ་ཡོད་ཟེར་ གསུངས་གནང་ཡི།
རྒྱལ་ཁབ་ཚུ་ནང་ གོམ་པ་མདུན་སྤོ་དང་ ཡུན་བརྟན་གྱི་དོན་ལས་ ཁྱད་དུ་འཕགས་པའི་ འགོ་ཁྲིདཔ་ཚུ་དགོཔ་ཡོད་རུང་ དེ་བཟུམ་མའི་ འགོ་ཁྲིདཔ་ཚུ་ དཀོན་དྲགས་ཡོདཔ་ད་ ཁྱད་དུ་འཕགས་པའི་ འགོ་ཁྲིདཔ་ལུ་ སྙིང་རྗེ་དང་ རྒྱལ་ཁབ་ལུ་ ཆེད་བརྩོན་ དེ་ལས་ རྒྱལ་ཁབ་དང་ མི་སེར་གྱི་ ཞབས་ཏོག་ཚུ་ ཡོངས་རྫོགས་སྦེ་ ཕྱག་ཞུ་ནི་ལུ་ གཏིང་གཟབ་པའི་ སྙིང་སྟོབས་དགོ་ཟེར་ཨིན་པས།
དེ་མ་ཚད་ ཕུགས་མཐོང་ཅན་གྱི་ འགོ་ཁྲིདཔ་ལུ་ གཞུང་སྐྱོང་དང་ ཐབས་བྱུས་ཅན་གྱི་ འཆར་གཞི་བརྩམ་ནི་ དེ་ལས་ གསར་གཏོད་ཀྱི་ ལས་དོན་ག་ར་ གྲུབ་འབྲས་འཐོན་ནི་ཡོདཔ་ བཟོ་ནི་གི་ རིག་རྩལ་ཚུ་དང་ འགོ་ཁྲིདཔ་ཁོ་རའི་དོན་ལས་ དབང་ཆ་བཟུང་ནི་མིན་པར་ མི་སེར་ལུ་ འགྱུར་ལྡོག་མེད་པའི་ རྒྱབ་སྐྱོར་ཐོག་ལས་ རྒྱ་ཆེ་བའི་ འགྱུར་བ་ཚུ་ འབག་འོང་དགོ་ཟེར་ གསུངས་གནང་ཡི།
དེ་བཟུམ་མའི་ ཁྱད་ཆོས་ཚུ་ག་ར་ བློན་ཆེན་མོ་དི་ལུ་ཡོད་མི་དེ་ཡང་ ཁོ་གིས་ རྒྱལ་ཁམས་ཀྱི་དོན་ལུ་ ཚ་གྱང་འཁྲུལ་མེད་ཡོད་པའི་ཁར་ འགོ་ཁྲིདཔ་གི་ རིག་རྩལ་ཡང་ ཁྱད་དུ་འཕགས་པ་ཡོད་ནི་དེ་གིས་ འགྲན་ཟླ་མེད་མི་ཅིག་ཨིནམ་ད་ མངོན་གསལ་ཅན་གྱི་ མཐོང་སྣང་ལུ་ རྒྱ་གར་གྱི་ མི་སེར་ཚུ་གིས་ འགྱུར་ལྡོག་མེད་པའི་ རྒྱབ་སྐྱོར་ཡོདཔ་ལས་ བློན་ཆེན་མོ་དི་གིས་ འདས་པའི་ལོ་ངོ་བཅུ་ཕྲག་ཚུ་ནང་ གྲུབ་འབྲས་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་བཏོན་ཏེ་ མ་འོངས་པ་ལུ་ དེ་ཚུ་བ་ཡང་ལྷག་པའི་ གྲུབ་འབྲས་ཚུ་ཡང་ གཏོན་ནི་ལུ་ གྲ་སྒྲིག་འདུག་ཟེར་ཨིན་པས།
ད་རེས་ བློན་ཆེན་ན་རེན་ད་ར་ མོ་དི་ལུ་ མངའ་བདག་དཔལ་གྱི་འཁོར་ལོའི་ རྟགས་མ་བྱིན་མི་འདི་ འབྲུག་གི་རྟགས་མ་ མཐོ་ཤོས་ཨིནམ་ད་ རྟགས་མ་འདི་གིས་ རྒྱ་གར་གཞུང་དང་ མི་སེར་ དེ་ལས་ བློན་ཆེན་ཁོ་ར་ལུ་ འབྲུག་གི་དོན་ལས་ གཏན་འཇགས་ར་ ཆ་རོགས་འབད་མི་ལུ་ གཏིང་གཟབ་པའི་ དགའ་ཚོར་དང་ ངལ་རངས་ཀྱི་ རྟགས་མཚན་ཅིག་ཨིན་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།





Users Today : 1237
Users Yesterday : 1351
This Month : 42796
This Year : 222699
Total Users : 934515
Views Today : 3127
Total views : 2725634
Who's Online : 11