
ད་རིས་ རང་ཟླ་ ༢ པའི་ཚེས་ ༢༩ སྤྱི་ཟླ་ ༤ པའི་ཚེས་ ༧ གྱི་དྲོ་པར་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དགོངས་འདུས་ལྷ་དགུའི་ བཀའ་དབང་གནང་ནི་ཨིནམ་མ་ཚད་ ཉིན་མའི་གསོལཝ་གྲོལ་ཞིནམ་ལས་ གཏོར་དབང་ཚུ་ཡང་ གནང་ནི་ཨིནམ་བཞིན་དུ་ སྤྱི་ཟླ་ ༤ པའི་ཚེས་ ༦ ལུ་ སྟ་གོན་གནང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༥ གི་དྲོ་པར་ གཏེར་སྟོན་ཆེན་པོ་ སངས་རྒྱས་གླིང་པའི་གཏེར་ཆོས་ བླ་མ་དགོངས་པ་འདུས་པའི་ ཆོས་འཁོར་པོ་ཏི་ ༡༣ གྱི་ ལྗགས་ལུང་དངོས་གཞི་དེ་ མཇུག་བསྡུ་གནང་ཡོདཔ་ད་ ཉིན་མའི་གསོལཝ་གྲོལ་ཞིནམ་ལས་ སྐྱབས་རྗེ་མཆོག་གིས་ མཛད་གནང་མི་ མགོན་པོའི་བསྐང་བ་ གཡུལ་ལས་རྣམ་རྒྱལ་གྱི་སྒོ་ལས་ བསྐང་གསོ་རྒྱས་ཤིང་རྒྱསཔ་སྦེ་ ཕུལ་གནང་ནུག།
དེ་ལས་ རང་ཟླ་ ༢ པའི་ཚེས་ ༣༠ སྤྱི་ཟླ་ ༤ པའི་ཚེས་ ༨ ཀྱི་དྲོ་པར་ དཔལ་ལྡན་དུད་གསོལ་ལྷ་མོའི་ ཚོགས་འཁོར་བསྐོར་གནང་ནི་དང་ ཉི་དྲོས་ཆུ་ཚོད་ ༡༠ ལས་ ཐུགས་སྤྲོའི་དགའ་སྟོན་གྱི་ཚུལ་ལུ་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ དགེ་སློང་ཚུ་གིས་ ལྷོ་བྲག་མར་པའི་གདངས་སྣང་མའི་ གཏེར་འཆམ་ ༣ དང་ ལྷུན་རྩེ་རྫོང་ཁག་གི་ ཟློས་གར་སྡེ་ཚན་གྱིས་ གླུའི་མཆོད་པ་ཚུ་ ཕུལ་ནི་གི་ ལས་རིམ་ཡོདཔ་ཨིན་པས།
ཉིན་མའི་གསོལཝ་ གྲོལ་ཞིནམ་ལས་ དབང་ལུང་ཚོགས་ཆུང་གིས་ དངུལ་རྩིས་ཀྱི་ སྙན་ཞུ་ཕུལ་ནི་དང་ དབང་ལུང་ཚོགས་ཆུང་ཁྲི་འཛིན་གྱིས་ བཀྲིན་དགའ་ཚོར་ཞུ་ནི་ དེ་ལས་ བཀྲིས་ལེགས་དཔལ་སྒོར་ནི་དང་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དཀྱིལ་འཁོར་གྱི་མདུན་ལུ་ འབྱོན་ཞིནམ་ལས་ མི་དམངས་ལུ་ ཕྱག་དབང་གནང་ཚར་བའི་ཤུལ་ལས་ ཞབས་བརྟན་ཕུལ་ཏེ་ མཇུག་བསྡུ་གནང་ནི་གི་ ལས་རིམ་ཡོད་ཟེར་ ཕེཛ་བུག་ནང་བཀོད་ནུག།
སྤྱི་ཟླ་ ༣ པའི་ཚེས་ ༡༡ ལས་ འགོ་བཙུགས་ཏེ་ ཨའུ་མཚོ་སློབ་གྲྭ་ལྟེ་བའི་ རྩེད་ཐང་ནང་སྦེ་ དད་ལྡན་མི་ཡོངས་ཡོངས་ལུ་ གཏེར་བཏོན་སངས་རྒྱས་གླིང་པའི་ གཏེར་ཆོས་དགོངས་འདུས་ཀྱི་ དབང་ལུང་ཁྲིད་ ༣ གནང་ནི་དེ་ འགོ་དང་པ་ཨིན་པའི་ཁར་ བླམ་སློབ་དཔོན་ཚུ་དང་ དགེ་སློང་ཚུ་ལུ་ཡང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ མི་ལོ་ ༣༠ གི་ཤུལ་ལས་ གནངམ་ཨིན་ཟེར་ ལྷུན་རྩེ་རབ་སྡེའི་ བླམ་གནས་བརྟན་མཆོག་གིས་ གསུངསམ་ཨིན་པས།
དེ་བསྒང་ བཀའ་དབང་ཞུ་ནིའི་དོན་ལུ་ ཤར་ཕྱོགས་རྫོང་ཁག་ ༦ གི་ གྲྭ་ཚང་དང་ དགོན་སྡེ་ཁག་གིས་གཙོས་པའི་ ས་གནས་ཁག་ལས་ དགེ་སློང་ཞལ་གྲངས་ ༣,༠༠༠ ལྷགཔ་ཅིག་དང་ སྒོམ་ཆེན་དང་ ཨ་ཎེམོ་ དད་ལྡན་མི་སེར་ཕོ་མོ་ཚུ་ཡང་ ཁྲི་ཕྲག་སྦེ་ འཛོམས་ཡོད་པའི་གནས་ཚུལ།




Users Today : 1633
Users Yesterday : 1650
This Month : 18454
This Year : 182138
Total Users : 540115
Views Today : 3132
Total views : 1698873
Who's Online : 10