
སྤྱི་ཟླ་ ༤ པའི་ཚེས་ ༥ ལས་ ཉིན་གྲངས་ ༢ ཀྱི་རིང་ལུ་ མི་རྗེ་བློན་ཆེན་མཆོག་ ཤར་ཕྱོགས་རྫོང་ཁག་ ༤ གི་ནང་ གཞུང་དོན་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ནུག།
དེ་ཡང་ རྒྱལ་ཁབ་ཀྱི་དོན་ལས་ བརྩོན་ཤུགས་མཉམ་འབྲེལ་ གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ རྫོང་ཁག་གི་ འགོ་དཔོན་ཚུ་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ ཚོང་པ་ཚུ་དང་གཅིག་ཁར་ གལ་གནད་ཆེ་བའི་ གསར་བཏོད་ལས་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཐབས་ལུ་ཨིན་པས།
དེ་མ་ཚད་ གཟིགས་སྐོར་དེ་གིས་ གཞུང་གི་ཁ་ཐུག་ལས་ ཀུན་ཚང་གོང་འཕེལ་དང་ ལས་སྡེ་ག་ར་དང་གཅིག་ཁར་ མཉམ་འབྲེལ་འབད་ནི་ལུ་ འགྱུར་ལྡོག་མེད་པའི་ ཁས་ལེན་ཡོད་པའི་ བརྡ་མཚོན་ཡང་ སྟོནམ་ཨིན་པས།
ཤར་ཕྱོགས་རྫོང་ཁག་ ༤ གི་ འགོ་དཔོན་ཚུ་དང་མཇལ་ཕྲད།
སྤྱི་ཟླ་ ༤ པའི་ཚེས་ ༥ ལུ་ མི་རྗེ་བློན་ཆེན་མཆོག་ ལྷུན་རྩེ་ཨའུ་མཚོ་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ གཞུང་དོན་གཟིགས་སྐོར་ལུ་ བྱོན་ཡོདཔ་མ་ཚད་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ཡང་ རྫོང་ཁག་གི་ འགོ་དཔོན་ཚུ་གིས་གཙོས་པའི་ རྒཔོ་ཚུ་དང་ ལུང་ཕྱོགས་འགོ་འཛིན་ དེ་ལས་ ཚོང་པ་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ ཁོང་གི་བྱ་སྟབས་མ་བདེཝ་ཚུ་གི་སྐོར་ལས་ དྲི་བ་དྲིས་ལན་ཚུ་ མཛད་ཡོདཔ་བཞིན་དུ་ བྱ་སྟབས་མ་བདེཝ་ཚུ་ གཞུང་གི་ཁ་ཐུག་ལས་ ཁག་འབག་ཧྲིལ་བུར་སྦེ་ར་ སེལ་ནི་ལུ་ ཁས་ལེན་ཡོད་ཟེར་གསུངས་ནུག།
དེ་མ་ཚད་ མི་སྡེ་གོང་འཕེལ་གྱི་དོན་ལུ་ དགོས་དོན་སྦོམ་ཡོད་མི་ དཔལ་འབྱོར་ཡར་འཕར་ལུ་དམིགས་ཏེ་ ལོ་ལྔའི་འཆར་གཞི་ ༡༣ པ་དེ་ གྲུབ་འབྲས་ཅན་སྦེ་ ལག་ལེན་འཐབ་དགོཔ་ གལ་ཆེ་བའི་སྐོར་ལས་ཡང་ གསུངས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༤ པའི་ཚེས་ ༦ ལུ་ ལྷུན་རྩེ་དང་ མོང་སྒར་རྫོང་ཁག་གི་ འགོ་དཔོན་ཚུ་དང་ ཚོང་པ་ཚུ་དང་གཅིག་ཁར་ཡང་ མཇལ་ཕྲད་མཛད་ཡོདཔ་ད་ མི་རྗེ་བློན་ཆེན་མཆོག་གིས་ བཀྲིས་སྒང་དང་ བཀྲིས་གཡང་རྩེའི་ རྫོང་བདག་ ༢ ལུ་ རང་སོའི་རྫོང་ཁག་ནང་ བལྟ་བཤལ་ཡར་འཕེལ་གྱི་དོན་ལས་ ནུས་ཚད་དང་ལྡན་པའི་ ལག་ལེན་འཆར་གཞི་ཚུ་ བརྩམ་དགོ་པའི་ བཀོད་རྒྱ་ཚུ་ཡང་གནང་ནུག།
ད་ལས་ཕར་ རྫོང་བདག་ཚུ་ལུ་ ལོ་བསྟར་བཞིན་དུ་ བལྟ་བཤལཔ་ནང་བསྐྱོད་དང་ གསར་བཏོད་ཅན་གྱི་འཐོན་འབྲས་ དེ་ལས་ བལྟ་བཤལ་ལག་ལེན་པ་ཚུ་དང་ མཉམ་འབྲེལ་དམ་ཟབ་སྦེ་ འཐབ་དགོ་པའི་ཁར་ དགོས་མཁོ་ཡོད་སར་ གཞུང་ལས་ རྒྱབ་སྐྱོར་ལེན་དགོ་པའི་ འགན་ཁུར་ཚུ་ཡང་འཁྲིཝ་ཨིན་པས།
བཀྲིས་གཡང་རྩེ་ ཁོ་ལོང་ཆུ་ གློག་མེ་ལས་འགུལ་ ལག་ལེན་འཕྲོ་མཐུད།
མི་རྗེ་བློན་ཆེན་མཆོག་གིས་ དོག་གསུམ་ལུ་སྦེ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་ ཚོང་པ་ཚུ་དང་གཅིག་ཁར་ ཞལ་འཛོམས་གནང་པའི་སྐབས་ལུ་ མེ་ག་ཝ་ ༦༠༠ འབད་མི་ ཁོ་ལོང་ཆུ་ གློག་མེ་ལས་འགུལ་གྱི་ལཱ་ཚུ་ མགྱོགས་པ་ར་ འཕྲོ་མཐུད་དེ་ ལག་ལེན་འཐབ་ནི་ཨིན་པའི་ གོ་བརྡ་སྤེལ་གནང་ནུག།
དེ་ཡང་ མི་རྗེ་བློན་ཆེན་མཆོག་ མདང་ཞག་ རྒྱ་གར་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་བྱོནམ་ད་ རྒྱ་གར་གྱི་ འགོ་ཁྲིདཔ་ཚུ་དང་ ཊ་ཊ་སཱནཛ་ལས་སྡེའི་ ཁྲི་འཛིན་དང་གཅིག་ཁར་ གྲུབ་འབྲས་ཅན་གྱི་ གསུང་གྲོས་ཚུ་ བྱུང་ཡི་ཟེར་ གསུངས་ཡོད་པའི་གནས་ཚུལ།




Users Today : 210
Users Yesterday : 1487
This Month : 37247
This Year : 217150
Total Users : 928966
Views Today : 260
Total views : 2711461
Who's Online : 7