གསོ་བའི་བློན་པོ་གིས་ ཨ་ལོ་སྲོག་སྐྱབས་ལས་སྡེའི་ གཙོ་འཛིན་འོགམ་དང་གཅིག་ཁར་མཇལ་ཕྲད།

སྤྱི་ཟླ་ ༤ པའི་ཚེས་ ༥ ལུ་ རྒྱལ་སྤྱི་ཨ་ལོ་སྲོག་སྐྱབས་ལས་སྡེའི་ གཙོ་འཛིན་འོགམ་ ཌེ་ཝིཌ་དང་ པར་ཀིཛ་མིག་ཞར་སློབ་གྲྭའི་ཁྲི་འཛིན་ ཨམ་ཀོ་རི་སཱོན་ བེཛ་ལར་ ༢ གསོ་བ་བློན་པོའི་ སྐུ་མདུན་ལུ་བཅར་ནུག།
དེ་བསྒང་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ ཨ་ལོ་སྲོག་སྐྱབས་ལས་སྡེ་གིས་ མཁས་རིག་དང་ མཉམ་འབྲེལ་ཐོག་ལས་ འབྲུག་གི་གསོ་བའི་ལས་སྡེ་ལུ་ གལ་གནད་ཆེ་བའི་ རྒྱབ་སྐྱོར་ཚུ་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་ཨིན་པས།
ཨ་ལོ་སྲོག་སྐྱབས་ལས་སྡེ་གིས་ ཨ་ལོ་ཚུ་གི་དོན་ལས་ རྩེད་མོའི་བཀོད་རྒྱ་དང་ ཨེཆ་ཨའི་ཝི་དང་འབྲེལ་བའི་ གསར་བཏོད་ཅན་གྱི་ ལས་དོན་ཚུ་གིས་ འབྲུག་པའི་ཨ་ལོ་དང་ མི་རློབས་མང་རབས་ཅིག་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་མ་ཚད་ ད་རེས་ འབྲུག་རྒྱལ་ཁབ་ནང་ ལོ་ལྔའི་འཆར་གཞི་ ༡༣ པ་ ལག་ལེན་འཐབ་ནིའི་ནང་ཡང་ མཉམ་འབྲེལ་དེ་ ག་ནི་བ་ཡང་ གལ་ཆེ་ཟེར་གསུངས་ནུག།
ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ ན་གཞོན་དང་ སྐྱེ་རྒྱུན་འཕྲོད་བསྟེན་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་མི་ཚུ་གི་ནང་ མཉམ་འབྲེལ་འབད་ནི་གི་ རེ་འདུན་སྦོམ་ཡོད་ལུགས་ཚུ་ གསུངསམ་དང་གཅིག་ཁར་ འབྲུག་གི་མ་འོངས་གནས་སྟངས་ ལེགས་ཤོམ་བཟོ་ཐབས་ལུ་ ཨ་ལོའི་འཕྲོད་བསྟེན་དང་ འབུ་ནད་བཀག་ཐབས་ཚུ་ ངེས་གཏན་བཟོ་ནི་གི་ དམིགས་དོན་ཡོད་ཟེར་ཡང་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: