ཡུ་ཨེཛ་གི་ ཁ་ཐུག་ལས་ རྒྱ་པཱན་དང་ ཕི་ལི་པིན་དང་གཅིག་ཁར་ འགྱུར་ལྡོག་མེད་པའི་ སྲུང་སྐྱོབ་ཁས་ལེན།

སི་ཨེན་ཨེན།
སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ རྒྱ་པཱན་དང་ ཕི་ལི་པིན་གྱི་ དབུ་ཁྲིད་ ༢ དང་གཅིག་ཁར་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་མིའི་ནང་ གསུངས་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གི་ཁ་ཐུག་ལས་ རྒྱ་པཱན་དང་ ཕི་ལི་པིན་ རྒྱལ་ཁབ་ ༢ ཀྱི་ སྲུང་སྐྱོབ་དང་འབྲེལ་བའི་ ཁས་ལེན་ཚུ་ སྒྲིང་སྒྲིང་སྦེ་ར་ཡོད་ཟེར་ཨིན་པས།
དེ་ཡང་ རྒྱ་པཱན་དང་གཅིག་ཁར་ རྒྱ་ནག་གི་ ཤར་ཕྱོགས་ལུ་ཡོད་མི་ མཚོ་གླིང་སེན་ཀ་ཀུའི་སྐོར་ལས་ མ་འགྲིགས་པར་ཡོད་དོ་བཟུམ་སྦེ་ ཕི་ལིན་དང་གཅིག་ཁར་ཡང་ རྒྱ་ནག་གི་ ལྷོ་ཕྱོགས་ལུ་ཡོད་མི་ རྒྱ་མཚོའི་ས་ཁོངས་ཚུ་གི་སྐོར་ལས་ རྩོད་ཉོག་ཚུ་ ཐོན་ཏེ་ཡོདཔ་ཨིན་པས།
ཕི་ལི་པིན་དང་ རྒྱ་ནག་གི་བར་ན་ རྩོད་ཉོག་གཙོ་བོ་ར་ ཕི་ལི་པིན་གྱི་མཚོ་གླིང་ པ་ལ་ཝཱན་ཟེར་ས་ལས་ ཀི་ལོ་མི་ཊར་ ༢༠༠ དེ་ཅིག་གི་ ས་ཁར་ཡོད་མི་ ཐོ་མཱཛ་ཤཱོལ་ ༢ པའི་སྐོར་ལས་ མ་འགྲིགས་པར་ཡོདམི་དེ་ཡང་ སྤྱི་ལོ་ ༡༩༩༠ གོ་གྲངས་ནང་ ཕི་ལི་པིན་གྱི་ ཁ་ཐུག་ལས་ འཛམ་གླིང་དམག་ཆེན་ ༢ པའི་སྐབས་ལུ་ ལག་ལེན་འཐབ་མི་ སྐྱེལ་འདྲེན་གྱི་ གྲུ་ཆེན་ཅིག་ ཐོ་མཱཛ་ཤཱོལ་ མཚོ་གླིང་ནང་ བཞག་མི་དང་འཁྲིལ་ཏེ་ ཐོབ་བརྗོད་བཀོདཔ་མ་ཚད་ གྲུ་ཆེན་དེ་ཡོད་སར་ ཕི་ལི་པིན་གྱི་ མཚོ་དམག་སྡེ་ཚན་གྱིས་ སྐོར་སྲུང་ཡང་འབདཝ་ཨིན་པས།
ཨིན་རུང་ ད་རེས་ རྒྱ་ནག་གིས་ རྒྱ་ནག་ལྷོ་ཕྱོགས་ཀྱི་ མཚོ་གླིང་ཚུ་ལུ་ ཐོབ་བརྗོད་བཀོད་དོ་བཟུམ་སྦེ་ ཐོ་མཱཛ་ཤཱོལ་དེ་ལུ་ཡང་ ཐོབ་བརྗོད་བཀོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ ཕི་ལི་པིན་གྱིས་ མཚོ་གླིང་དེ་ནང་ མཁོ་ཆས་ཚུ་ བཀྲམ་སྤེལ་འབད་བར་བཏང་མི་ གྲུ་ཟིང་ནང་གི་ དམག་མི་དང་ རྒྱ་ནག་གི་ མཚོ་འགྲམ་ཉེན་སྲུང་དམག་མི་ཚུ་གི་བར་ན་ གདོང་ཐུག་རྐྱབ་ཡོདཔ་ལས་ ཕི་ལི་པིན་གྱི་ དམག་མི་ཚུ་ལུ་ རྨ་སྐྱོན་དང་ གྲུ་ཟིང་ཚུ་ལུ་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: