
རྒྱ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་འགྱོ་ཚར་བའི་ རྒྱལ་ཁབ་ཀྱི་ མཐོང་འཆར་འགྲུབ་དགོ་པ་ཅིན་ ཡར་སེང་ཅན་གྱི་ འཐོན་འབྲས་དང་ གྲུབ་འབྲས་ཚུ་ བཏོན་དགོཔ་ལས་ ཞི་གཡོགཔ་ཚུ་གིས་ འཕྲོ་མཐུད་དེ་ར་ ཐབས་ལམ་སྣ་མང་ འཚོལ་ཞིབ་འབད་དགོཔ་འདུག་ཟེར་ཨིན་པས།
དེ་ཡང་ གཞི་སྒྱུར་འགོ་ཁྲིད་ཀྱི་དོན་ལུ་ འགྱུར་བའི་ཁྱད་ཆོས་ལྡན་པའི་ཁར་ དགོས་མཁོ་ཡོད་མི་ གནས་ཚད་འགྲུབ་ཐབས་ལུ་ གཞན་གྱིས་དཔེ་བླངས་རུང་བའི་ དཔེ་ཚད་ཅན་གྱི་ འགོ་ཁྲིདཔ་ཚུ་གི་ དགོས་མཁོ་ཡོདཔ་སྦེ་ཨིན་པས།
གོང་འཁོད་གནད་དོན་ཚུ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༤ པའི་ཚེས་ ༡༡ ལུ་ གསར་བཏོན་འབད་མི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྙན་ཞུའི་ནང་ བཀོད་ཡོདཔ་ད་ གཞན་ཡང་ ཞབས་ཏོག་ཚུ་ ལེགས་སྒྱུར་གྱི་སྒོ་ལས་དང་ ཟད་འགྲོ་ཆུང་ཀུའི་ཐོག་ལས་ འཇོན་སྟབས་ཅན་སྦེ་ སྤྲོད་ནི་ཡོདཔ་ བཟོ་ནིའི་ནང་ བརྩོན་ཤུགས་བསྐྱེད་དགོ་པའི་སྐོར་ལས་ཡང་ ངོས་འཛིན་བྱུང་ནུག།
སྙན་ཞུ་དེ་དང་འཁྲིལཝ་ད་ བྱ་སྒོ་ལེགས་སྒྱུར་དང་ འཐོན་འབྲས་ཡར་དྲག་ཚུ་ ད་རེས་ཀྱི་ ཐབས་ལམ་ཐོག་ལུ་ར་ བཞག་པ་ཅིན་ ལོ་ལྔའི་འཆར་གཞི་ ༡༣ པའི་ དམིགས་དོན་ཚུ་ འགྲུབ་ཚུགས་པར་ ལཱ་ཁག་འོང་ནི་ཨིནམ་མ་ཚད་ སྤྱི་ལོ་ ༢༠༢༤ ལུ་ གོང་འཕེལ་འགྱོ་ཚར་བའི་ གནས་ཚད་ཁར་ བཀལ་ནི་དེ་ཡང་ ལཱ་ཁག་འོང་ནི་མས་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མཐོ་འདོད་ཅན་གྱི་ དམིགས་དོན་དང་ འགྱུར་ནུས་ཅན་གྱི་ ཐབས་བྱུས་ཚུ་བཀོད་དེ་ འགན་འཁྲི་དང་ དོ་འགྲན་ཚུ་ ལེགས་སྒྱུར་གྱི་སྒོ་ལས་ གྲུབ་འབྲས་གུ་ གཞི་བརྟེན་འབད་བའི་ མཐུན་རྐྱེན་ཚུ་ སྤྲོད་ནི་གི་ ཐབས་ལམ་ཚུ་ འཕྲོ་མཐུད་དེ་ར་ འཚོལ་ཞིབ་འབད་དེ་ གཞུང་སྒེར་མཉམ་འབྲེལ་ ཡར་དྲག་གི་སྒོ་ལས་ ཞི་གཡོགཔ་གི་ སྤྱིར་བཏང་འཇོན་སྟངས་ཀྱི་ ཚད་གཞི་ཡར་སེང་འབད་ནི་ཨིན་པས།
ཨིན་རུང་ མི་མང་གི་ མཐའ་དོན་དང་ ལམ་སྲོལ་གྱི་གནས་ཚད་ དེ་ལས་ མི་མང་གི་ འཐོན་ཁུངས་འཛིན་སྐྱོང་ཚུ་ རྒྱུན་སྐྱོང་ལེས་ཤོམ་སྦེ་ འཐབ་ནིའི་དོན་ལས་ ཚོང་ལམ་གྱི་ ཐབས་ལམ་ཚུ་གི་སྐོར་ལས་ཡང་ བསམ་ཞིབ་འབད་དགོཔ་ཡོད་ཟེར་བཀོད་ནུག།
ཞི་གཡོག་ལྷན་ཚོགས་ཀྱི་ ཉམས་མྱོང་ལྟར་དུ་འབད་བ་ཅིན་ ཞི་གཡོགཔ་སྡེ་ཚན་མ་འདྲཝ་ཚུ་གིས་ རང་སོའི་དགོས་མཁོ་ཚུ་ གཞུང་ལུ་ ཞུ་མི་ཚུ་ལུ་བརྟེན་ཏེ་ སྲིད་དོན་གྱི་ མི་ངོམ་ཚུ་གིས་ ཞི་གཡོགཔ་ཚུ་ལུ་ ཚུལ་དང་མ་མཐུན་པའི་ ལཱ་བྱ་ཚུ་ འཐབ་ནི་གི་ གནས་སྟངས་ཤརཝ་ལས་ གཞུང་གི་དྲང་བདེན་དང་ མི་མང་སྲིད་བྱུས་ཀྱི་ གཙོ་དོན་ཚུ་ལུ་ གནོད་པ་བྱུང་མས་ཟེར་ཨིན་པས།
དེ་མ་ཚད་ དེ་བཟུམ་མའི་ གནས་སྟངས་ནང་ ཞི་གཡོགཔ་ནང་འཁོད་ཀྱི་ དམིགས་བསལ་སྡེ་ཚན་ཚུ་གི་ དགོས་མཁོ་ཚུ་ གཙོ་རིམ་བཀོད་དེ་ ཡུན་བརྟན་ཅན་གྱི་ ལཱ་རིགས་ཚུ་ལུ་ ཐོ་ཕོགཔ་མས་ཟོར་ཨིན་པས།
དེའབདཝ་ལས་ ཞི་གཡོགཔ་དང་ མི་མང་གི་ མཐའ་དོན་ལུ་ བརྩི་བཀུར་འབད་དགོཔ་འདི་ གལ་གནད་ཆེ་དྲགས་ཅིག་ཨིནམ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ རིམ་མང་གཞུང་སྐྱོང་ནང་ བྱ་སྤྱོད་དང་ མནོ་ཐངས་ གསར་བཏོད་ཚུ་ གཅེས་འཛིན་གྱི་སྐོར་ལས་ གསལ་བཀོད་འབད་ནུག།
དེ་ལས་ གསོ་བའི་ལྷན་ཁག་དང་ ཤེས་རིག་ལྷན་ཁག་ཚུ་གིས་ མཐུན་རྐྱེན་དང་ ཞབས་ཏོག་ཚུ་ སྤུས་ཚད་ཉམས་མ་བཅུག་པར་ ཟད་འགྲོ་ཆུང་ཀུའི་སྒོ་ལས་ ལྡང་ཚད་ཅན་སྦེ་ སྤྲོད་ནི་གི་ ལྕོགས་གྲུབ་ཚུ་ཡང་ བཀོད་དེ་ཡོད་པའི་གུ་ འཕྲུལ་རིག་གོང་འཕེལ་གྱི་ གལ་གནད་དང་ དོན་སྨིན་ཚུ་ལུ་ ངོས་ལེན་ཐོག་ལས་ དྲུག་ཁག་དང་ རྒེད་འོག་ཚུ་ བསྐྱར་ཞིབ་ཐོག་ལས་ ཁུངས་ལྡན་བཟོ་སྟེ་ གཞུང་གི་ཟད་འགྲོ་ མར་ཕབ་འབད་ནི་གི་ གོ་སྐབས་སྦོམ་ཡོདཔ་སྦེ་ཡང་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1428654
Views Today :
Total views : 5000
Who's Online :