པ་ཀིཛ་ཏཱན་ལུ་ ཀྲོབ་མདའ་འབག་མི་ཚུ་གིས་ སྐྱེལ་འདྲེན་བཱཛ་ནང་ལས་ འགྲུལ་པ་ ༡༠ དམར་བསད།

ཨེ་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༡༣ ལུ་ པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ བ་ལུ་ཀིཛ་ཏཱན་ མངའ་སྡེའི་ནང་ ཀྲོབ་མདའ་འབག་མི་ཚུ་གིས་ སྐྱེལ་འདྲེན་བཱཛ་ཅིག་གི་ནང་ལས་ འགྲུལ་པ་ཚུ་ འཛིན་བཟུང་འབད་དེ་ ཁྱིད་སོང་ཞིནམ་ལས་ འགྲུལ་པ་ ༨ དམར་བསད་འབད་ནུག་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ བྱ་ངན་འབད་མི་ སྡེ་ཚན་དེ་གིས་ དེ་གི་ཧེ་མར་ཡང་ སྣུམ་འཁོར་ཆུང་བ་ཅིག་ དབང་བཙོང་ཐོག་ལས་བཀག་སྟེ་ མི་ ༢ དམར་བསད་འབད་བའི་ཁར་ གཞན་མི་ ༦ ལུ་ཡང་ རྨ་བཏོན་ཁྲག་བཏོན་འབད་ཡོདཔ་སྦེ་བཀོད་ནུག།
པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱ་ངན་འབད་མི་ཚུ་གིས་ སྣུམ་འཁོར་བཱཛ་དེ་ བཀག་ཞིནམ་ལས་ འགྲུལ་པ་ཚུ་གི་ ངོ་སྤྲོད་ལག་ཁྱེར་ཚུ་ ཞིབ་དཔྱད་འབད་བའི་ཤུལ་ལས་ ཤར་ཕྱོགས་པཱན་ཇབ་ལས་ཨིན་མི་ཚུ་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།
དེ་སྦེ་ དམར་བསད་འབད་མི་ འགྲུལ་པ་ ༨ ཀྱི་ཕུངམོ་ཚུ་ གཞུང་ལམ་ལས་ ཀི་ལོ་མི་ཊར་ ༥ གི་ས་ཁར་ ཟམ་པ་ཅིག་གི་འོག་ལས་ ཐོབ་ཡོདཔ་ད་ སྣུམ་འཁོར་བཱཛ་དེ་ མངའ་སྡེའི་ཁྲོམ་ ཀུ་ཡེ་ཊ་ཟེར་ས་ལས་ ཨི་རཱན་གྱི་ ས་མཚམས་ཁར་ཡོད་མི་ ཁྲོམ་ཚོགས་ཏཱཕ་ཏཱན་ལུ་ འགྲུལ་བསྐྱོད་འབད་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: