
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ མ་ཡཱན་མར་གྱི་ དབུ་ཁྲིད་བགྲེསཔ་ ཨམ་ཨང་སཱན་སཱུ་ཀི་དེ་ བཙོན་ཁང་ནང་ལས་ ཁྱིམ་བཙོན་ནང་ སྤོ་བཤུད་འབད་ཡོདཔ་སྦེ་ དྲག་པོའི་སྲིད་གཞུང་གི་ མགྲིན་ཚབ་ཅིག་གིས་ བཤད་ཡོདཔ་ཨིན་པས།
དེ་ཡང་ དམག་སྤྱི་ཟའོ་མིན་ཊུན་གྱིས་ ད་རེས་ དྲོད་ཤུགས་ཆེ་བའི་ གནམ་གཤིས་གནས་སྟངས་ནང་ དམིགས་བསལ་གྱིས་ ལོ་ན་རྒས་མི་ བཙོན་པ་ཚུ་ལུ་ དོན་ཧིང་གི་ ནད་གཞི་ལས་ སྔོན་འགོག་འབད་ཐབས་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་རུང་ ཨམ་སཱུ་ཀི་དེ་ ཁྱིམ་བཙོན་གྱི་དོན་ལས་ ས་གནས་ག་ཏེ་ལུ་ སྤོ་བཤུད་འབད་ཡོདཔ་ཨིན་ནའི་སྐོར་ལས་ བཤད་མ་བཏུབ་ཨིན་པས།
ཧེ་མ་ཡང་ ལོ་ངོ་ ༡༥ གི་རིང་ལུ་ ཨམ་སཱུ་ཀི་དེ་ དྲག་པོའི་སྲིད་གཞུང་གིས་ ཡང་གཱོན་ལུ་ཡོད་མི་ ཨིན་ཡ་མཚོ་ཟེར་སར་ ཁྱིམ་རྙིངམ་ཅིག་ནང་ བཞག་ཡོདཔ་ད་ དེ་བསྒང་ ཁྱིམ་དེ་གི་ སྒོ་ར་ཁ་ལས་ ཨམ་སཱུ་ཀི་གིས་ མོ་ལུ་རྒྱབ་སྐྱོར་འབད་མི་ཚུ་ལུ་ གསལ་བཤད་ཚུ་ཡང་ འབད་ཚུགས་ནུག།
སྐྱེས་ལོ་ ༧༨ འབད་མི་ ཨམ་སཱུ་ཀི་དེ་ སྤྱི་ལོ་ ༢༠༢༡ ལུ་ བཙག་འཐུ་ལས་གྲུབ་པའི་ མོ་གི་གཞུང་དེ་ དྲག་པོའི་དམག་སྡེ་གིས་ བཙན་འཕྲོག་འབད་བའི་ཤུལ་ལས་ འཛིན་བཟུང་འབད་དེ་ བཞག་ཡོདཔ་ད་ མོ་ལུ་ རྒྱལ་ཁབ་ལུ་ ངོ་ལོག་དང་ ནང་གསུག་ བརྒྱུད་འབྲེལ་ལ་སོགས་པའི་ བཅའ་ཁྲིམས་ལས་འགལ་བའི་ ཉེས་འཛུགས་ཚུ་འབད་དེ་ ལོ་ངོ་ ༢༧ གྱི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
འཛམ་གླིང་རྒྱལ་སྤྱིའི་ དབུ་ཁྲིད་ཚུ་དང་ དམངས་གཙོའི་རིང་ལུགས་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཨམ་སཱུ་ཀི་དེ་ བཙོན་ཁྲིམས་ལས་ བཏང་དགོ་པའི་ དགོས་མཁོ་བཀོདཔ་ཨིན་པས།
དེ་བཟུམ་སྦེ་ དྲག་པོའི་དབང་གནོན་འོག་ལུ་ཡོད་མི་ ཨེན་ཡུ་ཇི་ གཞུང་སྐྱོང་གི་ ཁ་ཐུག་ལས་ཡང་ ཨམ་སཱུ་ཀི་དང་ སྲིད་འཛིན་གྱི་ གོ་གནས་ལས་ བཏོན་བཏང་མི་ ཨུ་ཝིན་མིནཊ་གཉིས་ཆ་ར་ ཁ་ཚིག་དང་ གནས་ཚིག་ཚུ་ ག་ནི་ཡང་ མ་བཀོད་པར་ བཙོན་ཁྲིམས་ནང་ལས་ གློད་གྲོལ་བཏང་དགོ་པའི་ ནན་སྐུལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1438776
Views Today :
Total views : 5000
Who's Online :