
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ པེ་ལིཛ་ཊིན་དེ་ འཛམ་གླིང་སྤྱི་ཚོགས་ནང་ ཁྱད་ཚད་ཡོངས་རྫོགས་ཚང་པའི་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ གྲོས་ཆོད་ཟིན་བྲིས་གུ་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེའི་ནང་ ཚོགས་རྒྱན་བསྐྱུརཝ་ད་ ཡུ་ཨེཛ་གིས་ རང་རྐྱང་ཐག་བཅད་དབང་ཚད་ ལག་ལེན་འཐབ་སྟེ་ བཀག་ཆ་འབད་ནུག།
གྲོས་ཆོད་ཟིན་བྲིས་དེ་ འཐུས་མི་རྒྱལ་ཁབ་ ༡༩༣ ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ བཙུགས་ཡོདཔ་ད་ གྲོས་ཆོད་ཟིན་བྲིས་དེ་ནང་ པེ་ལིཛ་ཊིན་ རྒྱལ་ཁབ་དེ་ འཐུས་མི་སྦེ་ བཙུགས་དགོ་ཟེར་ བཀོད་དེ་ཡོདཔ་ཨིན་པས།
དེ་སྦེ་ ཚོགས་རྒྱན་བསྐྱུར་བའི་སྐབས་ལུ་ བི་རི་ཊེན་དང་ སུ་ཡིད་ཛར་ལེན་གྱིས་ གྲལ་གཏོགས་འབད་ནི་ལས་ འཛེམས་ཡོདཔ་ད་ རྒྱལ་ཁབ་ ༡༢ ཀྱིས་ པེ་ལིཛ་ཊིན་དེ་ འཐུས་མི་སྦེ་ བཙུགས་དགོ་པའི་ ཚོགས་རྒྱན་བསྐྱུར་ནུག།
པེ་ལིཛ་ཊིན་གྱི་སྲིད་འཛིན་ མེ་མཱུད་ཨ་བཱཛ་གིས་ ཡུ་ཨེཛ་ལུ་ གནད་དོན་དེ་ དྲང་བདེན་མེད་པའི་ཁར་ ལམ་ལུགས་དང་མ་འཁྲིལ་བའི་ ཁ་ཉེས་ཡང་ བཀལ་ཡོད་རུང་ ཨིཛ་རེལ་གྱི་ ཕྱི་འབྲེལ་བློན་པོའི་ ཁ་ཐུག་ལས་ ཡུ་ཨེཛ་གིས་ རང་རྐྱང་ཐག་བཅད་དབང་ཚད་ ལག་ལེན་འཐབ་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ཨིཛ་རེལ་དང་ པེ་ལིཛ་ཊིན་གྱི་ དྲག་ཐོག་དབང་བཙོང་དམག་སྡེ་ ཧ་མཱཛ་གི་བར་ན་ ཕྱད་མདའ་ལང་སྟེ་ ཟླཝ་ ༦ གི་ཤུལ་ལས་ པེ་ལིཛ་ཊིན་གྱིས་ འཛམ་གླིང་སྤྱི་ཚོགས་ནང་ ཁྱད་ཚད་གྲུབ་པའི་ འཐུས་མིའི་གྲས་ཁར་ འཛུལ་ཞུགས་འབད་ནི་གི་ བརྩོན་ཤུགས་བསྐྱེད་ནུག།
ཨིཛ་རེལ་གྱིས་ བཙན་དབང་འབད་དེ་ཡོད་མི་ ས་གནས་ག་ཟ་ལུ་ ཁོང་རའི་སྡོད་གནས་ཚུ་ རྒྱ་སྐྱེད་བཏང་དོ་ཡོདཔ་ད་ དེ་བཟུམ་མའི་ ལཱ་བྱ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཁ་ཐུག་ལས་ ཁྲིམས་འགལ་གྱི་གྲངས་སུ་ བརྩི་འཇོག་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1435254
Views Today :
Total views : 5000
Who's Online :