ཡུ་ཨེཛ་གིས་ བྱང་ཀོ་རི་ཡ་དང་ འབྲེལ་བ་བཀག་དམ་ཚུ་ བལྟ་རྟོག་གི་ ཐབས་ལམ་གསརཔ་འཚོལ་ཞིབ།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༤ པའི་ཚེས་ ༡༧ ལུ་ ཡུ་ཨེཛ་གིས་ བྱང་ཀོ་རི་ཡའི་ རྡུལ་ཕྲན་ནུས་ཤུགས་ཀྱི་ ལས་རིམ་ཚུ་ལུ་ བཀག་དམ་འབད་ཡོད་པའི་ གནད་དོན་ཚུ་ བལྟ་རྟོག་འབད་ནི་གི་ ཐབས་ལམ་གསརཔ་ འཚོལ་ཞིབ་འབདཝ་ཨིན་པས།
དེ་ཡང་ འཛམ་གླིང་སྤྱི་ཚོགས་ནང་ ཡུ་ཨེཛ་གཞུང་ཚབ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ཐབས་ལམ་ཚུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཕྱི་ནང་གཉིས་ཆའི་ནང་ འཚོལ་ཞིབ་འབད་དོ་ཟེར་ཨིནམ་ད་ འདས་པའི་ཟླཝ་ནང་ཡང་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་ལས་ བྱང་ཀོ་རི་ཡ་གིས་ རྒྱལ་སྤྱིའི་བཀག་དམ་ཚུ་ལུ་ ཆ་གནས་བཞག་མ་བཞག་ བལྟ་རྟོག་འབད་མི་ སྡེ་ཚན་གྱི་ དུས་ཡུན་ཡར་སེང་གི་ གྲོས་ཆོད་བཏོནམ་ད་ གྲོས་ཆོད་དེ་ ར་ཤི་ཡ་གིས་ རང་དབང་ཐག་བཅད་ ལག་ལེན་འཐབ་སྟེ་ བཀག་ཆ་འབད་ནུག།
ད་རེས་ ཡུ་ཨེཛ་གི་ཁ་ཐུག་ལས་ བལྟ་རྟོག་གི་ ཐབས་ལམ་གསརཔ་དེ་ཡང་ ལྷོ་ཀོ་རི་ཡ་དང་ རྒྱ་པཱན་ དེ་ལས་ གཞན་ཡང་ མནོ་བསམ་གཅིག་མཚུངས་བཏང་མི་ རྒྱལ་ཁབ་ཚུ་གིས་ གྲལ་གཏོགས་ཐོག་ལས་ འཚོལ་ཞིབ་འབད་ནི་ཨིན་ཟེར་ འཛམ་གླིང་སྤྱི་ཚོགས་ནང་ ཡུ་ཨེཛ་གཞུང་ཚབ་ཀྱིས་ བཤད་ཡོདཔ་ཨིན་པས།
ར་ཤི་ཡ་གིས་ རང་རྐྱང་ཐག་བཅད་རང་དབང་ ལག་ལེན་འཐབ་ནི་དེ་གིས་ རྡུལ་ཕྲན་ནུས་ཤུགས་དང་ མི་ཛ་ཡེལ་ཚུ་དང་འབྲེལ་ཏེ་ ལོ་ངོ་ ༢༠ གི་ཧེ་མ་ འཛམ་གླིང་སྤྱི་ཚོགས་ཀྱི་ བཀག་དམ་ཚུ་ལུ་ བྱང་ཀོ་རི་ཡ་གིས་ ཆ་གནས་འབད་དེ་ཡོད་མེད་ བལྟ་རྟོག་གི་དོན་ལུ་ གཞི་བཙུགས་འབད་ཡོད་མི་ སྡེ་ཚན་དེ་ ཆ་མེད་བཏང་ནུག།
ཨིན་རུང་ དེ་བཟུམ་མའི་ བལྟ་རྟོག་ཐབས་ལམ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་བརྒྱུད་དེ་ གཞི་བཙུགས་འབད་ནི་ཨིན་ན་ ཡང་ཅིན་ དེ་གི་ཕྱི་ཁར་འབད་ནི་ཨིན་ནའི་སྐོར་ལས་ ཁ་གསལ་ག་ནི་ཡང་ མ་བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: