
སྤྱི་ཟླ་ ༤ པའི་ཚེས་ ༡༩ ལུ་ འབྲུག་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡིག་ཚང་ལས་ སྤྱི་ལོ་ ༢༠༢༣ ལོའི་ འབྲུག་རྒྱལ་ཁབ་ཀྱི་ གྲུབ་འབྲས་སྙན་ཞུ་ གསལ་བསྒྲགས་འབད་མིའི་ནང་ འབྲུག་གི་གོང་འཕེལ་གཙོ་རིམ་ཚུ་གི་ རྒྱབ་སྐྱོར་ལུ་ འཛམ་གླིང་སྤྱི་ཚོགས་དང་ འབྲུག་གི་བར་ན་ ཕན་ནུས་ཅན་གྱི་ མཉམ་འབྲེལ་དང་ གྲུབ་འབྲས་ཚུ་ ཡོངས་རྫོགས་བཀོད་དེ་ཡོད་པའི་ཁར་ གོང་འཕེལ་འཕྲོ་མཐུད་ཀྱི་དོན་ལས་ མ་འོངས་པའི་ འཆར་གཞི་ཚུ་ཡང་ བཀོད་དེ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༢༣ ལུ་ འཛམ་གླིང་སྤྱི་ཚོགས་ཀྱིས་ འབྲུག་རྒྱལ་ཁབ་ལུ་ ཡུ་ཨེཛ་ཌོ་ལར་ས་ཡ་ ༣༥.༥༧ གྱི་ མ་དངུལ་རྒྱབ་སྐྱོར་བྱིན་མི་ལས་ ཡུ་ཨེཛ་ཌོ་ལར་ས་ཡ་ ༢༡.༩ འབདཝ་ད་ རྒྱབ་སྐྱོར་མ་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༦༢ དེ་ཅིག་ ལག་ལེན་འཐབ་ནུག།
འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱབ་སྐྱོར་དེ་ གནད་སྡུད་ཡར་དྲག་དང་ ཀུན་ཚང་གོང་འཕེལ་གྱི་དོན་ལས་ གཞུང་སྐྱོང་ལུ་ གཙོ་བོར་བཟུང་སྟེ་ བྱིན་ཡོདཔ་ད་ འབྲུག་གི་རྩིས་དཔྱད་བཀོད་འཛིན་གྱི་ གནད་སྡུད་རིམ་ལུགས་ གཞི་བཙུགས་ཀྱིས་གཙོས་པའི་ གྲུབ་འབྲས་ཚུ་ བཏོན་ཡོདཔ་ཨིན་པས།
རིམ་ལུགས་དེ་ནང་ལས་ ལས་སྡེ་སོ་སོའི་ གནད་སྡུད་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་དོ་ཡོདཔ་ལས་ བདེན་ཁུངས་གུ་ གཞི་བརྟེན་འབད་བའི་ གྲོས་ཆོད་ཚུ་ བཏོན་ཚུགསཔ་མ་ཚད་ རྐྱེན་ངན་འཛིན་སྐྱོང་དང་ གློ་བུར་མཉམ་འབྲེལ་ཚུ་གི་ གྲ་སྒྲིག་ཚུ་ཡང་ ལེགས་སྒྱུར་ཐོག་ལས་ ལག་ལེན་འཐབ་ནི་ལུ་ ཁེ་ཕན་བྱུང་ནུག།
དེ་མ་ཚད་ འཛམ་གླིང་སྤྱི་ཚོགས་ཀྱིས་ ཨ་ལོའི་ཉེན་སྐྱོབ་དང་ ཤེས་རིག་ གསོ་བ་དང་ ཟས་བཅུད་ཚུ་གི་ དགོས་མཁོ་ཚུ་ འགྲུབ་ནི་ལུ་དམིགས་ཏེ་ ཉེན་ཁ་ཡོད་པའི་ མི་རློབས་ཚུ་གི་དོན་ལས་ སྤུས་ཚད་དང་ལྡན་པའི་ མི་སྡེའི་ཞབས་ཏོག་ཚུ་ འདྲ་མཉམ་འཐོབ་ནི་ཡོདཔ་ བཟོ་ཐབས་ལུ་ཡང་ གསར་བཏོད་ལས་དོན་ཚུ་ནང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱིས་ རྐང་རིལ་ཕུཊ་བཱོལ་ ཡོངས་གྲགས་བཟོ་ནི་དང་ མི་སྡེའི་ནང་ ཁེ་ཕན་ཡོད་པའི་ འགྱུར་བ་དང་ ཡུན་བརྟན་གོང་འཕེལ་གྱི་ གསར་བཏོད་ལས་དོན་ཚུ་ནང་ མཉམ་འབྲེལ་འབད་ནི་ཚུ་ལུ་ གཙོ་བོར་བཟུང་ནུག།
ད་ལས་ཕར་ སྤྱི་ལོ་ ༢༠༢༤ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཁ་ཐུག་ལས་ ཡུན་བརྟན་གོང་འཕེལ་གྱི་ བརྩོན་ཤུགས་ནང་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་ནི་གི་ ཁས་བླངས་ཡོད་མི་དེ་ནང་ གཙོ་རིམ་ཚུ་ཡང་ གོང་འཕེལ་དམའ་ཤོས་ཀྱི་ གནས་ཚད་ལས་ འཕོ་འགྱུར་འབད་ནི་ལུ་ ཕན་ཐབས་དང་ དབང་པོ་སྐྱོན་ཅན་ཚུ་གི་ ཐོབ་དབང་མཐུན་གྲོས་ཀྱི་ ལག་ལེན་མདུན་བསྐྱོད་དང་འབྲེལ་ཏེ་ ཁོང་གི་ལྕོགས་གྲུབ་དང་ འགྲོ་བ་མིའི་དབང་ཆ་ཚུ་ ཡོངས་རྫོགས་སྦེ་ གོང་འཕེལ་བཏང་ནི་ དེ་ལས་ རྒྱལ་ཁབ་ཀྱི་ གནས་ཚད་འཕོ་འགྱུར་གྱི་ བྱ་སྒོ་ཚུ་ དོན་སྨིན་ཅན་སྦེ་ འཛིན་སྐྱོང་འཐབ་ནི་ལུ་ དགོས་མཁོ་ཡོད་པའི་ གྲོགས་རམ་ཚུ་ འབད་ནི་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱིས་ འབྲུག་གཞུང་དང་ རྒྱལ་ཁབ་ མི་སེར་ཚུ་ལུ་ གོང་འཕེལ་གྱི་ དམིགས་དོན་དང་ གཙོ་རིམ་ཚུ་ འགྲུབ་ཐབས་ལུ་ མཉམ་འབྲེལ་དང་ ལས་དོན་གསར་བཏོད་ཚུ་ལུ་ ཕན་རླབས་ཆེ་བའི་ ལས་དོན་ཚུ་ནང་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་ནི་གི་ ཁས་ལེན་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1435513
Views Today :
Total views : 5000
Who's Online :