མི་དབང་རྒྱལ་ཡུམ་མཆོག་ ཨང་གནས་བཟོ་བཀོད་ཐོག་ལས་ ལམ་སྲོལ་ཅན་གྱི་ ཐགས་རིགས་འགྲེམ་སྟོན་ནང་དབུ་བཞུགས།

ཨང་གནས་བཟོ་བཀོད་ཐོག་ལས་ ལམ་སྲོལ་ཅན་གྱི་ ཐགས་རིགས་ཆ་ཤས་ཅིག་སྦེ་ རྒྱལ་འཛིན་ཐགས་རིགས་སྤེལ་ཁང་གིས་ འཛམ་གླིང་དངུལ་ཁང་གི་ མ་དངུལ་གྲོགས་རམ་ཐོག་ལས་ འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ནུག།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ ཝ་ཤིང་ཊཱོན་ལུ་ འཛམ་གླིང་དངུལ་གི་ ཡིག་ཚང་གཙོ་ཁང་ནང་སྦེ་ ལམ་སྲོལ་དང་ འཕྲུལ་རིག་- ཨང་གནས་ཐོ་བཀོད་ཐོག་ལུ་ ལམ་སྲོལ་ཅན་གྱི་ ཐགས་རིགས་ཟེར་མིའི་སྒོ་ལས་ འགོ་འདྲེན་འཐབ་ཡོདཔ་ད་ འགྲེམ་སྟོན་དེ་ ཐགས་རིགས་འགྲན་བསྡུར་གྱི་ མཐའ་བཅད་ལས་རིམ་ཨིན་པས།
འགྲེམ་སྟོན་དེ་ཁར་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཡོདཔ་ད་ མི་དབང་རྒྱལ་ཡུམ་མཆོག་གི་ ཕྱག་ཞུ་སྟེ་ མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་ བྱོན་ཡོདཔ་མ་ཚད་ ཆེ་མཐོའི་སྐུ་མགྲོན་གཞན་ཚུ་གི་གྲས་ཁར་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ འཛམ་གླིང་དངུལ་ཁང་གི་ གཙོ་འཛིན་འོགམ་ཡང་བྱོན་ནུག།
ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ འཛམ་གླིང་དངུལ་ཁང་གི་ གཙོ་འཛིན་འོགམ་གིས་ མི་དབང་རྒྱལ་ཡུམ་མཆོག་ལུ་ ཕེབས་བསུ་ཞུཝ་དང་འབྲེལ་ཏེ་ མི་དབང་རྒྱལ་ཡུམ་མཆོག་ འཛམ་གླིང་དངུལ་ཁང་གི་ ཡིག་ཚང་གཙོ་ཁང་ནང་ བྱོན་གནང་མི་དེ་ ག་ནི་བ་ཡང་ བསྔགས་བསྟོད་རུང་བའི་ གཞི་ཅིག་ཨིན་པའི་ཁར་ ཡིག་ཚང་དེ་ནང་ དེ་བཟུམ་མའི་ ཆེ་མཐོའི་སྐུ་མགྲོན་ བྱོན་གནང་མི་དེ་ འགོ་དང་པ་ཨིན་ཟེར་ ཞུ་ཡོདཔ་ཨིན་པས།
འགྲེམ་སྟོན་དེ་ནང་ འབྲུག་གི་ལམ་སྲོལ་གྱིས་ཕྱུག་པའི་ བཟོ་བཀོད་ཐོག་གི་ གྱོན་ཆས་ཚུ་དང་ ཨང་གནས་བཟོ་བཀོད་ཐོག་ལས་ ཐགས་རིགས་དོ་འགྲན་གྱི་ ཆེད་དུ་བཀོད་པའི་ ཡ་མཚན་ཆེ་བའི་ གསར་བཏོད་གྱོན་ཆས་ཚུ་ འགྲེམ་སྟོན་འབད་ནུག།
མི་དབང་རྒྱལ་ཡུམ་མཆོག་གིས་ ཐགས་རིགས་འགྲན་བསྡུར་དེ་གིས་ རང་སོའི་རིག་རྩལ་གསལ་སྟོན་དང་ གསར་བཏོད་རིག་པ་གོང་འཕེལ་ དེ་ལས་ ངོས་ལེན་དང་ལག་རྩལ་གོང་འཕེལ་ཐོག་ལས་ ཨམ་སྲུའི་ལྕོགས་གྲུབ་ ཡར་འཕེལ་གྱི་ གོ་སྐབས་ཡོད་ལུགས་ཚུ་ གསུངས་གནང་ཡོདཔ་ད་ འགྲེམ་སྟོན་དེ་ འབྲུག་གི་ཁྱད་ཆོས་ཅན་གྱི་ ལམ་སྲོལ་བཟང་པོ་དང་ འཕྲུག་རིག་དང་ལེན་གཉིས་ ཟུང་འབྲེལ་གྱི་སྒོ་ལས་ གསར་བཏོད་འབད་བའི་ འབྲུག་གི་ངོ་རྟགས་ཀྱི་ དུས་སྟོན་ཅིག་སྦེ་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།
འགྲེམ་སྟོན་དེ་ འགོ་འབྱེད་དང་འབྲེལ་ཏེ་ འབྲུག་གི་ཨམ་སྲུ་ཚུ་གི་ དཔལ་འབྱོར་དང་ མི་སྡེའི་ལྕོགས་གྲུབ་ ཡར་དྲགས་ཀྱི་སྐོར་ལས་ གསུང་གྲོས་ཅིག་ གནང་མིའི་ནང་ མི་སྟོབས་ལས་ཁུངས་ཀྱི་ གཙོ་འཛིན་འོགམ་ མམ་ཏ་མུར་ཐི་གིས་ གྲོས་འཛིན་པ་འབད་ཡོདཔ་ད་ གསལ་བཤད་འབད་མི་ཚུ་ཡང་ འཛམ་གླིང་སྤྱི་ཚོགས་ མི་རློབས་ལས་སྡེ་དང་ རྒྱལ་འཛིན་ཐགས་རིགས་སྤེལ་ཁང་ དེ་ལས་ འཛམ་གླིང་དངུལ་ཁང་ཚུ་ལས་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: