
སྤྱི་ཟླ་ ༤ པའི་ཚེས་ ༢༤ ལུ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་ཁར་ རིང་ཚད་མི་ཊར་ ༡༠༠ འབད་མི་ ཏག་ཏི་ཟམ་དེ་ གཞི་རྟེན་མཁོ་ཆས་དང་སྐྱེལ་འདྲེན་བློན་པོ་ ཅཱན་ད་ར་བྷ་དུར་ གུ་རུང་དང་ འབྲུག་ལུ་ རྒྱ་གར་གཞུང་སྐུ་ཚབ་ སུ་ད་ཀར་ ད་ལེ་ལ་ ༢ ཀྱིས་ སྒོ་འབྱེད་མཛད་ནུག།
དེ་ཡང་ དཱན་ཏག་ལས་འགུལ་གྱིས་ བཟོ་བསྐྲུན་འབད་མི་ ཟམ་གསརཔ་དེ་ལུ་ དངུལ་ཀྲམ་ས་ཡ་ ༢༠༠ དེ་ཅིག་ ཟད་འགྲོ་གནས་ཡོདཔ་ད་ ཟམ་དེ་གི་ཐེག་ཚད་ མེ་ཊིག་ཊཱོན་ ༧༠ ཨིན་པས།
ཏག་ཏི་ས་གནས་དེ་ཁར་ ལོ་བསྟར་བཞིན་དུ་ ཆུ་རུད་དང་ ས་རུད་ཐོན་པའི་ཁར་ ཟམ་འོག་གི་ཆུ་དེ་ཡང་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཟམ་གུ་ལས་ ཞལ་འགྱོ་བའི་ དཀའ་ངལ་ཡོད་མི་དེ་ ཟམ་གསརཔ་དེ་གིས་ བསལ་ཚུགས་ནི་དང་ ཟམ་དེ་གི་ བཟོ་བསྐྲུན་གྱི་ལཱ་ཚུ་ཡང་ སྤུས་ཚད་དང་ལྡན་ཏོག་ཏོ་སྦེ་ བཟོ་རིག་གི་ གནས་ཚད་ཚུ་གུ་ ཆ་འཇོག་གི་སྒོ་ལས་ བཟོ་བསྐྲུན་འབད་ནུག།
གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ ཟམ་དེ་ གཞི་རྟེན་མཁོ་ཆས་ གོང་འཕེལ་ནང་ རྒྱ་འབྲུག་ ༢ ཀྱི་བར་ན་ མཉམ་འབྲེལ་གྱི་ གྲུབ་འབྲས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་སྒྲིང་སྒྲིང་ཡོད་པའི་ གལ་གནད་ཆེ་བའི་ ལཱ་གི་གྲུབ་འབྲས་ཅིག་ཡང་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་གཞུང་ཚབ་ཀྱིས་ཡང་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་དེ་ ཕྱི་ནང་ཚོང་འབྲེལ་གྱི་དོན་ལུ་ གལ་ཆེ་དྲགས་ཅིག་ཨིན་པའི་ཁར་ ད་རེས་ནངས་པར་ སྣུམ་འཁོར་འགྲོ་འགྲུལ་ཚུ་ཡང་ ལེ་ཤ་གིས་ ཡར་སེང་སོང་སྟེ་ཡོད་ལུགས་དང་ འཆར་གཞི་ ༡༣ པའི་ནང་ཡང་ རྒྱ་གར་གྱི་ཁ་ཐུག་ལས་ གཞི་རྟེན་མཁོ་དང་ སྐྱེལ་འདྲེན་ལྷན་ཁག་དང་གཅིག་ཁར་ མཉམ་འབྲེལ་འཕྲོ་མཐུད་འཐབ་ནི་གི་ ཁས་ལེན་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1435551
Views Today :
Total views : 5000
Who's Online :