ཨིན་ཌོ་ནེ་ཤི་ཡ་ལུ་ མེ་རི་ཐོན་པའི་རྐྱེན་གྱིས་ གནམ་གྲུ་ཚུ་ འཕུར་མ་ཚུགས་པའི་ཁར་ མི་སེར་ཚུ་ཡང༌ ས་གནས་གཞན་ཁར་སྤོ་བཤུད།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༥ པའི་ཚེས་ ༡ ལུ་ ཨིན་ཌོ་ནེ་ཤི་ཡའི་ གངས་རི་རུ་ཨང་ཟེར་ས་ལས་ མེ་རི་ཐོན་པ་ལུ་བརྟེན་ཏེ་ གནམ་གྲུ་ཚུ་ འཕུར་འགྲུལ་འབད་མ་ཚུགས་པའི་ཁར་ མི་སེར་ཚུ་ཡང་ སྟོང་ཕྲག་ལས་བཅད་དེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོཔ་ཐོན་ནུག།
དེ་ཡང་ མེ་རི་དེ་ཁ་ལས་ ཐལཝ་ཚ་ཏོམ་ ཐོན་མི་དེགིས་ ཀི་ལོ་མི་ཊར་ ༥ དེ་ཅིག་གི་རྩིས་ གནམ་ཁར་འཕར་ཡོདཔ་མ་ཚད་ མེ་རི་དེ་ལུ་བརྟེན་པའི་ རག་རོ་ཚུ་ཡང་ རྒྱ་མཚོའི་ནང་ བུད་ཞིནམ༌ལས་ ཆུ་དང་སྦྲགས་ཏེ་ རླུང་འཚུབ་ལངས་ནི་གི་ ཉེན་ཁ་ཡང་ཡོདཔ་ཨིན་པས།
ཨིན་ཌོ་ནེ་ཤི་ཡའི་ རྐྱེན་ངན་འཛིན་སྐྱོང་ལས་སྡེའི་ བརྙན་ཐུང་ཚུ་ནང་བལྟཝ་ད་ རུ་ཨང་གངས་རི་ལས་ཐོན་མི་ མེ་རིའི་དོང་ནང་ལས་ ལྕགས་ཞུན་དམརཔོ་དང་ རྡོ་ཕོང་ཚུ་ གནམ་ཁར་འཕར་བའི་ གློག་འཁྱུག་ཚུ་ཡང་ མཐོང་དོ་ཡོདཔ་སྦེ་བཀོད་ནུག།
ལས་སྡེ་དེ་གིས་ རུ་ཨང་མཚོ་གླིང་ནང་སྡོད་མི་ མི་གྲངས་ ༨༤༣ ཡོད་མི་ཚུ་ ཀི་ལོ་མི་ཊར་ ༡༠༠ དེ་ཅིག་གི་ ས་ཁར་ཡོད་མི་ མ་ན་དོ་ལུ་ སྤོ་བཤུད་འབད་ཡི་ཟེར་ཨིནམ་ད་ རུ་ཨང་མཚོ་གླིང་གི་ ཉེ་འདབས་ལུ་ཡོད་མི་ ཏ་གུ་ལཱན་དང་ མཚོ་གླིང་ལས་ཡང་ མི་གྲངས་ ༡༢,༠༠༠ དེ་ཅིག་ གྲུ་ཟིང་ ༢ ཀྱི་ཐོག་ལས་ སི་ཨའུ་མཚོ་གླིང་ནང་ བསྐྱལ་ཡོདཔ་ཨིན་པས།
ཨིན་ཌོ་ནེ་ཤི་ཡའི་ གནམ་གཤིས་བརྟག་དཔྱད་ལས་སྡེ་གིས་ མེ་རི་ལས་ཐོན་མི་ཐལཝ་དེ་ བུར་ནའི་དང་ མ་ལེ་ཤི་ཡའི་ རྒྱལ་ཁབ་ ༢ སྦྱེལ་ཏེ་ཡོད་མི་ མཚོ་གླིང་ བོར་ནི་ཡོ་ལུ་ ལྷོད་ཡོད་པའི་ ས་ཁྲ་ཚུ་ གསལ་སྟོན་འབད་ནུག།
དེ་མ་ཚད་ ཨིན་ཌོ་ནེ་ཤི་ཡའི་ མཁའ་འགྲུལ་འཛིན་སྐྱོང་ལས་སྡེ་གིས་ མ་ན་ཌོ་དང་ གོ་རོན་ཏ་ལོ་ ཁྲོམ་ཚོགས་ ༢ ཀྱི་ གནམ་ཐང་ ༧ ཡང་ སྒོ་བསྡམས་བཞག་ཐོག་ལས་ གནམ་གྲུ་ལེ་ཤ་ཅིག་ར་ འཕུར་འགྲུལ་འབད་ནི་ ཆ་མེད་བཏང་དགོཔ་ ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: