
བི་བི་སི།
སྤྱི་ཟླ་ ༤ པའི་ཚེས་ ༣༠ ལུ་ སི་པེན་རྒྱལ་ཁབ་ནང་ མི་སྡེ་བརྡ་བརྒྱུད་ ཝཱཛ་ཨེབ་ལག་ལེན་འཐབ་མི་ཚུ་ལས་ ཉེ་ཚན་ཨིན་ལུགས་བཟོ་སྟེ་ ཡུ་རོ་ས་ཡ་ལེ་ཤ་ཅིག་ ཨར་རྐུན་འབད་མི་ ༡༠༠ ལྷགཔ་ཅིག་ འཛིན་བཟུང་འབད་ནུག།
སི་པེན་རྒྱལ་ཁབ་ཀྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་ཨར་རྐུན་འབད་མི་ཚུ་གིས་ མ་དངུལ་ཨར་རྐུན་ཤོར་མི་ ཉམས་རྒུད་པ་ཚུ་ལས་ ཡུ་རོ་ ༨༠༠ ལས་ ཡུ་རོ་ ༥༥,༠༠༠ གི་བར་ན་ གཡོ་སྒྱུའི་སྒོ་ལས་ རྩིས་ཐོ་སྤོ་སོར་འབད་ནུག་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ ཨཱལ་ཀེན་ཊེ་མངའ་སྡེ་ལས་ར་ ཉམས་རྒུདཔ་ ༢༣༨ དེ་ཅིག་ ངོས་འཛིན་འབད་ཡོདཔ་ད་ ཉེས་དོགས་པ་ཚུ་ཡང་ མངའ་སྡེ་ཨཱལ་ཀེན་ཊེ་དང་ བར་སེ་ལོ་ན་ གི་རོ་ན་ མ་ཌིཌ་ མ་ལ་ག་ དེ་ལས་ བེ་ལེན་ཤི་ཡ་ཚུ་གི་ནང་ལས་ འཛིན་བཟུང་འབད་ནུག།
དེ་བཟུམ་མའི་ གཡོ་སྒྱུ་འཇམ་ཤོས་དེ་ར་ མགུ་སྐོར་རྐྱབ་མི་ཚུ་གིས་ འགྲུལ་འཕྲིན་ཨང་གྲངས་གསརཔ་ཅིག་ལེན་ཏེ་ ཉམས་རྒུད་པའི་ ཉེ་ཚན་ཨིནམ་སྦེ་ རྫུན་མ་བཟོ་ཐོག་ལས་ གློ་བུར་དུ་ མ་དངུལ་དགོས་མཁོ་ཡོད་་ལུགས་ཚུ་བཤད་དེ་ ལེན་ནུག་ཟེར་ཨིན་པས།
དེ་ཡང་ ཁོང་གིས་ འགྲུལ་འཕྲིན་མེདཔ་ཐལ་ཡོད་ལུགས་དང་ ཡང་ཅིན་ བྱང་སྟོར་ཤོར་ཡོད་ལུགས་ཚུ་བཤད་དེ་ དངུལ་ཁང་གི་རྩིས་ཁྲ་ ལག་ལེན་འཐབ་མ་ཚུགས་ནི་དེ་གིས་ཨིན་ཟེར་ བདེན་རྫུན་རེ་བཅུག་ཐོག་ལས་ མ་དངུལ་རྩིས་ཐོ་ སྤོ་སོར་འབད་བཅུག་ནུག།
དེ་བཟུམ་སྦེ་ ཡུ་ཀེའི་མི་སེར་ཚུ་ཡང་ གཡོ་སྒྱུ་ཅན་ཚུ་གིས་ མགུ་སྐོར་གྱི་དབང་ལུ་ ཡར་སེང་ཅན་སྦེ་ར་ ཐལ་དོ་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ ཉེན་བརྡ་ཚུ་འབད་དོ་ཡོདཔ་ཨིན་པས།
ཡུ་ཀེ་ཨེག་ཤཱན་ཕོ་རོཌ་ཟེར་མི་ སྙན་ཞུ་ལྟེ་བ་གིས་ ན་ཧིང་ སྤྱི་ཟླ་ ༢ པ་ལས་ ༦ པའི་བར་ན་ མི་གྲངས་ ༡,༢༣༥ ལས་ ལཱ་ངན་འབད་མི་ཚུ་གིས་ ཁོང་གི་ཉེ་ཚན་ཨིནམ་ བཟོ་ཞིནམ་ལས་ ཝཱཛ་ཨེབ་བརྒྱུད་དེ་ ཏི་རུ་དགོཔ་སྦེ་ བཤད་ཡོད་པའི་ སྙན་ཞུ་འབད་ནུག།
དེ་བསྒང་ སི་པེན་ལུ་ པ་འཱུནཌ་ ས་ཡ་ ༡.༥ དེ་ཅིག་ གྱོང་རྒུད་ཕོག་ཡོདཔ་སྦེ་ སྙན་ཞུ་འབད་ཡོད་རུང་ སི་པེན་གྱི་ བྱ་ངན་དང་ ཡུ་ཀེའི་བྱ་ངན་ ༢ ཀྱི་བར་ན་ འབྲེལ་བ་ཡོད་མེད་ ཏན་ཏན་སྦེ་ ཧ་གོ་མ་ཚུགས་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1435366
Views Today :
Total views : 5000
Who's Online :