བ་ར་ཟིལ་ལུ་ གློག་མེའི་ཆུ་མཛོད་ རྦད་ཡར་སོངཔ་ལས་ མི་གྲངས་ ༣༠ ལྷགཔ་ཅིག་ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༣ ལུ་ བ་ར་ཟིལ་རྒྱལ་ཁབ་ཀྱི་ ལྷོ་ཕྱོགས་ཁ་ཐུག་ལུ་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ གློག་མེའི་ཆུ་མཛོད་ཅིག་ རྦད་ཡར་སོངཔ་ལས་ མི་གྲངས་ ༣༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདན་པས།
དེ་ལས་ རི་ཡོ་གེ་རེན་ཌེ་ ཌོ་སུལ་ཟེར་ས་ལས་ མི་གྲངས་ ༦༠ དེ་ཅིག་ འཚོལ་མ་ཐོབ་པར་ཡོདཔ་ད་ མི་གྲངས་ ༡༥,༠༠༠ དེ་ཅིག་ རང་སོའི་སྡོད་ཁྱིམ་ལས་ཟུར་ཏེ་ ས་གནས་གཞན་ཁར་ སྤོ་དགོཔ་བྱུང་པའི་ཁར་ མི་གྲངས་ ༥༠༠,༠༠༠ དེ་ཅིག་ལུ་ཡང་ གློག་མེ་དང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་ཚུ་མེད་པའི་ དཀའ་ངལ་ཐོན་ནུག།
དེ་ཡང་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ཧེ་མ་ལས་ ཆུ་འཁྱིལ་ཏེ་ཡོད་པའི་གུ་ གློག་མེའི་ཆུ་མཛོད་ཡང་ རྦད་འགྱོཝ་ལས་ མི་ཊར་ ༢ དེ་ཅིག་གི་རྩིས་ ཆུ་ཧེང་སྐལ་འཁྱིལ་ཡོདཔ་ཨིན་པས།
བ་ར་ཟིལ་གྱི་སྲིད་འཛིན་ ལུའི་ཨི་ན་སི་ཡོ་ ལུ་ལ་ཌ་ སིལ་ཝ་གིས་ དཀའ་ངལ་བྱུང་སའི་ ས་ཁོངས་དེ་ནང་ གཟིགས་སྐོར་གནང་པའི་ཤུལ་ལས་དབུས་གཞུང་ལས་ ཆ་རོགས་ཚུ་འབད་ནི་ཨིན་པའི་ ཁས་བླངས་ཡང་འབད་ཡོདཔ་ཨིན་པས།
མ་གཞི་ ཧེ་མ་འབད་བ་ཅིན་ མངའ་སྡེ་དེ་གི་ གཙོ་འཛིན་གྱིས་ གློ་བུར་གྱི་ གྲོགས་རམ་ཚུ་ དགོས་མཁོ་ཡོད་ལུགས་ བཤད་ཡོདཔ་ད་ ད་རེས་ ག་ཏེ་ཡང་ འགྱོ་ས་མེད་པར་ ཆུ་འཁྱིལ་ཡོད་མིའི་ནང་ ལུས་མི་ཚུ་ སྲོག་སྐྱབས་ཀྱི་དོན་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཚུ་ བཙུགས་ཏེ་ཡོད་རུང་ ས་ཁོངས་ལ་ལོ་ཅིག་ནང་ ཆར་ཆུ་དང་ རླུང་མ་ལུ་བརྟེན་ཏེ་ ཧེ་ལི་ཀོབ་ཊར་ཚུ་ཡང་ འཕུར་མ་ཚུགས་པར་ཡོདཔ་ཨིན་པས།
གནམ་གཤིས་མཁས་མཆོག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བ་ར་ཟིལ་ལུ་ ད་རུང་ཡང་ འཕྲོ་མཐུད་དེ་ར་ ཆརཔ་ཤུགས་རྐྱབ་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ན་ཧིང་ཡང་ ས་གནས་རི་ཡོ་པེ་རེན་ཌེ་ལུ་ རླུང་འཚུབ་ཀྱིས་ མི་གྲངས་ ༣༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: