རྒྱ་པཱན་ལུ་ སྡོད་ཁྱིམ་རྙིངམ་ ས་ཡ་ ༩ དེ་ཅིག་རྩ་སྟོང་།

སི་ཨེན་ཨེན།
རྒྱ་པཱན་རྒྱལ་ཁབ་ནང་ འཕྲོ་རྐྱང་སྟེ་ར་ མི་རློབས་མར་འབབ་འགྱོ་མི་ལུ་བརྟེན་ཏེ་ སྡོད་ཁྱིམ་རྙིངམ་ ས་ཡ་ ༩ དེ་ཅིག་ གུང་སྟོང་སྦེ་ ལུས་ཏེ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ སྡོད་ཁྱིམ་བཀོག་བཞག་མི་ཚུ་ རྒྱ་པཱན་གྱི་ཁ་ནང་ ཨ་ཀི་ཡ་ཟེར་ སླབ་དོ་ཡོདཔ་ད་ དེ་ཚུ་ཡང་ གྲོང་གཡུས་ཚུ་ནང་ སྡོད་མི་མེད་པར་ གུང་སྟོང་སྦེ་ ལུས་མི་ཚུ་ལུ་ སླབ་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ ལོ་བསྟར་བཞིན་དུ་ ཨ་ལོའི་སྐྱེ་རྒྱུན་གྱི་ ཚད་གཞི་དེ་ ཚ་གྱང་ཅན་སྦེ་ར་ མར་བབས་སོང་སྟེ་ཡོདཔ་ལས་ ཁྲོམ་ཚོགས་ཊོ་ཀི་ཡོ་དང་ ཀི་ཡོ་ཊོ་ཚུ་ནང་ཡང་ གུང་སྟོང་ལེ་ཤ་ཅིག་ ཐོན་ཏེ་ཡོདཔ་ཨིན་པས།
རྒྱ་པཱན་གྱི་ཁྲོམ་ཅི་བཱ་ལུ་ཡོད་པའི་ ཀཱན་ད་གཙུག་ལག་སློབ་སྡེའི་ ལེགས་སྦྱར་བ་ངོམ་ ཇེ་ཕིར་ཧོལ་གྱིས་བཤད་མི་ནང་ གུང་སྟོང་ཐོན་མི་དེ་ སྡོད་ཁྱིམ་ལེ་ཤ་སྦེ་ བཟོ་བསྐྲུན་འབད་བའི་རྟགས་མཚན་མིན་པར་ ལྡང་ཚད་ལྡན་པའི་ མི་རློབས་མེད་པའི་ དཀའ་ངལ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
རྒྱ་པཱན་གྱི་ ནང་སྲིད་དང་ བརྒྱུད་འབྲེལ་ལྷན་ཁག་གིས་ བསྡུ་སྒྲིག་འབད་མི་ གྲངས་རྩིས་དང་འཁྲིལཝ་ད་ སྡོད་ཁྱིམ་བརྒྱ་ཆ་ ༡༤ དེ་ཅིག་གི་རྩིས་ གུང་སྟོང་སྦེ་ ལུས་ཡོདཔ་ཨིན་པས།
གྲངས་རྩིས་དེ་ནང་ རེ་ཚེ་སྐབས་རྐྱངམ་གཅིག་ སྡོད་སྲོལ་ཡོད་མི་ཁྱིམ་དང་ ལ་ལོ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་སོང་ཡོད་པའི་ མི་ཁུངས་ཚུ་གི་སྡོད་ཁྱིམ་ གནས་སྐབས་ཅིག་ སྟོངམ་སྦེ་ཡོད་མི་ཚུ་ཡང་ ཚུདཔ་ཨིན་ཟེར་བཀོད་ནུག།
སྡོད་ཁྱིམ་སྟོངམ་ལུས་མི་ཛུ་ མང་ཤོས་ཅིག་ར་ ཨ་ཀི་ཡ་བཟུམ་སྦེ་ རམ་འགྱོ་མ་བཅུག་པར་ བཞག་སྟེ་ཡོད་རུང་ གཞུང་དང་ མི་སྡེ་ལུ་ དཀའ་ངལ་ལེ་ཤ་ཅིག་ར་ བྱུངམ་ཨིན་པས།
རྒྱ་པཱན་རྒྱལ་ཁབ་དེ་ ས་ཡོམ་དང་ ཆར་རླུང་ཚབས་ཆེན་འབྱུང་སའི་ རྒྱལ་ཁབ་ཅིག་འབདཝ་ལས་ དཀའ་ངལ་ཚུ་གི་གྲས་ཁར་ རང་བཞིན་རྐྱེན་ངན་རེ་འཐོནམ་ད་ སྲོག་སྐྱབས་སྡེ་ཚན་ཚུ་གིས་ གློ་བུར་གྱི་ལཱ་ལུ་ ཐོགས་ཆག་བྱུང་པའི་ནང་ལས་ཡང་ སྡོད་ཁྱིམ་སྟོངམ་ཚུ་ ཉམས་བཅོས་མ་འབད་བར་ ལུས་དོ་ཡོདཔ་ལས་ ཁྲོམ་ཚུ་གི་ གནས་ཚད་ཉམས་ཏེ་ ཉེན་ཁ་ཅན་ལུ་ འགྱུར་དོ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: